འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་ཐུབ་ཚད་དང་ཞིང་འབྲོག་ཁུལ་གྱི་ལས་ཞུགས་
    གཞན་སྒྱུར་མི་གྲངས་མང་དུ་ཤུགས་ཆེན་ཕྱིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་10ཉིན། 15:32】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་མི་སྤྱི་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2017ལོར་བོད་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི་5.46གསར་དུ་ལས་ཞུགས་ཐུབ་ནས་ལོ་ལྔའི་ནང་གྲངས་འབོར་ལྡབ་གཅིག་འཕར་ཡོད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཤོར་ཐོ་འགོད་བྱེད་ཚད་2.7%ནང་ཚུན་དུ་ཚོད་འཛིན་ཐུབ་ཡོད། ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལྷག་མ་མི་ཐེངས་ཁྲི་110ལྷག་གཞན་སྒྱུར་ཐུབ་ནས་2012ལོའི་ལོ་མཇུག་ལས་བཅུ་ཆ་3ཙམ་མང་དུ་ཕྱིན་ཏེ་ངལ་རྩོལ་གྱི་ཡོང་འབབ་སྒོར་དུང་ཕྱུར་28ཙམ་བྱུང་ཡོད་པ་རེད།
         མི་སྤྱི་ཐིང་གི་ཐིང་ཀྲང་ལི་ཧྥུ་ཀྲུང་གིས་ངོ་སྤྲོད་བྱས་དོན། བོད་ལྗོངས་ཀྱིས་ལས་ཞུགས་སྔོན་ལ་བྱེད་པའི་འཐབ་ཇུས་དང་ལས་ཞུགས་སྲིད་ཇུས་ལག་བསྟར་ཧུར་ཐག་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་གཙོ་གནད་ཚོགས་སྤྱི་མངོན་གསལ་དོད་པོ་ཡོང་བ་དང་ལས་ཞུགས་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་དམིགས་ས་ཡོད་པའི་སྒོ་ནས་མི་འབོར་དབུལ་པོ་དང་ཞིང་འབྲོག་པར་ལས་ཞུགས་རྩལ་ནུས་གསོ་སྦྱོང་བྱས་པ་དང་། 2017ལོར་མི་འབོར་དབུལ་པོ་དང་ཞིང་འབྲོག་པ་མི་ཁྲི་11ཙམ་གསོ་སྦྱོང་བྱས་ཡོད་པ་རེད།
         “ང་ཚོས་མངགས་ཐོའི་རྣམ་པ་དང་གཏན་འཁེལ་རྣམ་པའི་ཐོག་ནས་གཞི་རིམ་དུ་རྩལ་ནུས་གསོ་སྦྱོང་བྱེད་སྒོ་སྤེལ་ཏེ་མང་ཚོགས་ཀྱིས་ཁྱིམ་གྱི་སྒོ་ཁ་ནས་ལག་རྩལ་སྦྱོང་ཐུབ་པ་བྱས་ཡོད”ཅེས་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་མི་སྤྱི་ཅུས་ཀྱི་ཅུས་ཀྲང་ཡོན་ཤིང་ཁྲེང་གིས་དེ་ལྟར་ངོ་སྤྲོད་བྱས་པ་དང་། ཁོང་གིས་གསོ་སྦྱོང་དེ་གཙོ་བོ་ས་གནས་དེ་གའི་ཁྱད་ལྡན་ཐོན་ལས་ལ་དམིགས་ནས་བྱས་པ་དང་། གསོ་སྦྱོང་གི་ནང་དོན་གྲས་སུ་ཞིང་འབྲོག་ལས་ཀྱི་ཉེར་སྤྱོད་ལག་རྩལ་དང་། བོད་ལྗོངས་ཤར་རྒྱུད་ཀྱི་ཁྱད་ལྡན་ཁྱིམ་ཆས་བཟོ་སྐྲུན། ཤིང་བཟོ། རྐོས་རྒྱག རི་མོ་སོགས་ཀྱི་རྩལ་ནུས་ཚུད་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
         དེ་དང་དུས་མཚུངས་བོད་ལྗོངས་ཀྱིས་ལས་གཏོད་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་རྒྱུར་སྐུལ་ལྕག་བྱས་ཏེ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་འདུ་ཤེས་འགྱུར་རྒྱུར་སྐུལ་འདེད་བཏང་ནས་མཐོ་སློབ་སློབ་ཐོན་སློབ་མས་རང་བརྟེན་ངང་ཁེ་ལས་ཆུང་གྲས་གཉེར་རྒྱུར་རོགས་སྐྱོར་བྱ་ཤུགས་ཆེ་རུ་རྒྱུན་ཆད་མེད་པར་བཏང་ཡོད། 2017ལོར་བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་90%ལྷག་ཟིན་ཡོད་པ་དང་། དེའི་ནང་ཁྲོམ་རར་ལས་ཞུགས་ཐུབ་ཚད་བརྒྱ་ཆ་50ལྷག་ཙམ་ཟིན་ཡོད། ལྷ་ས་གྲོང་ཁྱེར་གྱི་སློབ་གྲྭ་ཆེ་མོ་བའི་ལས་གཏོད་གསོ་སྦྱོང་རྟེན་གཞི་སྤྱོད་འགོ་ཚུགས་པ་དང་འབྲེལ་ཧྲེན་ཀྲེན་སོགས་ས་ཆར་ལྗོངས་ཕྱིའི་ལས་གཏོད་གསར་གཏོད་ཀྱི་ལག་ལེན་རྟེན་གཞི་3བཙུགས་ཡོད་པ་རེད།
         ཤེས་རྟོགས་བྱས་པར་གཞིགས་ན། འདས་ཟིན་པའི་ལོ་ལྔའི་ནང་བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་གསར་དུ་ལས་ཞུགས་ཐུབ་ཚད་རིམ་རྩིས་ལྟར་ན་མི་ཁྲི་21ལྷག་ཟིན་པ་དང་། ཞིང་འབྲོག་ཁུལ་གྱི་ངལ་ནུས་གཞན་སྒྱུར་བྱས་ནས་ལས་ཞུགས་ཐུབ་ཚད་རིམ་རྩིས་ལྟར་ན་མི་ཐེངས་ཁྲི་518ལྷག་ཙམ་ཟིན་པ་དང་འབྲེལ་གཞན་སྒྱུར་ལས་ཞུགས་ཡོང་འབབ་སྒོར་དུང་ཕྱུར་125ལྷག་ཙམ་ཟིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།