འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་གཞི་རིམ་ཏང་འཛུགས་སྐྱོང་གི་གསོན་ཤུགས་འཕེལ་བར་བྱས་ནས་དམངས་ཕྱུག་
    དམངས་ཕན་ལ་ཕན་འབྲས་ཐོན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་08ཉིན། 12:09】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱིས་གཞི་རིམ་ཏང་འཛུགས་སྐྱོང་གི་དཔེ་དབྱིབས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ནས་བསམ་ཕྱོགས་གསར་པ་དང་། ལམ་སྲོལ་གསར་པ། བྱ་ཐབས་གསར་པ་བཅས་ལ་བརྟེན་ཏེ་ཀྲི་པུའུ་ཡི་གསོན་ཤུགས་འཕེལ་བ་དང་ཏང་ཡོན་གྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བས་གཞི་རིམ་ཏང་འཛུགས་སྐྱོང་གི་དཔྱིད་དཔལ་རབ་ཏུ་བཞད་པ་དང་དམངས་ཕྱུག་དམངས་ཕན་གྱི་ཕན་འབྲས་ཟམ་མི་ཆད་པར་ཐོན་ཡོད།
         བསམ་ཕྱོགས་གསར་པ། ཏུང་ཧྲི་ཀྲང་རི་་གྲོང་གི“ཧྲུའུ་ཅི་དང་པོར”གྱུར་པ།
         “གནད་སྨིན་དབུལ་སྐྱོར”ལ་སྐུལ་འདེད་གཏོང་ཆེད། 2015ལོར་མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་ནང་ཁུལ་གྱི་ཏང་སྲིད་ལས་ཁུངས་ཁག་དང་། གཞུང་ཁོངས་ཁེ་ལས། བྱ་གཞག་ཚན་པ་བཅས་ནས“ཧྲུའུ་ཅི་དང་པོ”དང་ལས་དོན་རུ་ཁག་མངགས་ཏེ་ཞིང་ཆེན་ཡོངས་ཀྱི་གྲོང་ཚོ་དབུལ་པོ་དང་ཏང་རྩ་འཛུགས་ནུས་མེད་ཟབ་ཟོབ་ཀྱི་གྲོང་ཚོ་1206ལ་བཅའ་སྡོད་བྱས་པ་རེད།
         ཐང་གཞུང་གྲོང་ཚོ་ཚོད་ལྟ་བྱ་ཡུལ་དུ་བརྩིས་ནས་ཞིང་ཆེན་ཡོངས་སུ་དམངས་གཉེར་ཁེ་ལས་འབའ་ཞིག་གི་ཁེ་ལས་མཁས་ཅན་གྱིས“ཧྲུའུ་ཅི་དང་པོའི”འགན་འཁུར་བའི་སྲོལ་བཏོད་ཡོད། ཟི་ལིང་ཞང་ཆུས་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་པའོ་ཝུའུ་ཀྲང་གིས་ཐང་གཞུང་གྲོང་ཚོར་ཧྲུའུ་ཅི་དང་པོའི་འགན་འཁུར་རྗེས་བསྒྲུབས་པའི་ལས་ཀ་དང་པོ་ནི་ལམ་འདིང་བ་དེ་རེད།
         ལམ་ཤར་བགྲོད་ཐུབ་ཚེ་ཐོན་ཁུངས་ཀྱི་ལེགས་ཆ་དཔལ་འབྱོར་གྱི་ལེགས་ཆར་བསྒྱུར་ཐུབ། ཐང་གཞུང་གྲོང་ཚོའི་ཕྱོགས་གསུམ་རིས་བསྐོར་ཞིང་། རྩྭ་རྩི་ཤིང་སྟུག་པ་དང་། དེ་གར་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཟི་ལིང་དང་ཐག་ཉེ་ཤོས་ཀྱི་གདོད་མའི་ནགས་ཚལ་ཡོད། 2015ལོར། མ་དངུལ་སྒོར་དུང་ཕྱུར་1.5བཏང་བའི“ཐང་གཞུང་ཕྱོགས་ཐོན་ཡུལ་སྐོར་སྤྲོ་གསེང་མཛེས་ལྗོངས་ཁུལ”བསྐྲུན་འགོ་ཚུགས་པས་ཐང་གཞུང་གྲོང་ཚོར་འཕེལ་རྒྱས་ཀྱི་དཔྱིད་ཀ་ཤར།
         ཞིང་དུད་ལ་མཛེས་ལྗོངས་ཁུལ་དུ་ལྗོན་ཤིང་དང་མེ་ཏོག་འདེབས་པའི་ལྕག་སྐུལ་བྱས་ཏེ་ཉིན་རེར་གླ་ཆ་རྩིས་བརྒྱབ་པ་དང་། ཆ་རྐྱེན་འཛོམས་པའི་དུད་ཚང་དབུལ་པོ་20ལ“ཞིང་པའི་སྤྲོ་སྐྱིད་ཁང”གཉེར་རྒྱུའི་ལྕག་སྐུལ་བྱས་ཏེ་ཁྱད་ལྡན་ཟས་སིལ་ཁྲོམ་གཞུང་བཏོད་པ། དུས་ཡུན་རིང་པོར་ཞིང་དུད་མཛེས་ལྗོངས་ཁུལ་དུ་ནགས་སྲུང་བ་དང་། དངུལ་གཉེར་བ། ནོར་དོན་རྩིས་གཉེར་སོགས་ཀྱི་ལས་ཀ་བྱེད་པར་བསྡུས་ཏེ་སྔ་རྗེས་སུ་ཞིང་པ་300ལྷག་ཙམ་ལས་ཞུགས་ཐུབ་རྒྱུའི་སྐུལ་ཁྲིད་བྱས་ཡོད།
         ལམ་སྲོལ་གསར་པ། གྲོང་ཚོ་དབུལ་པོར“ཚོང་ཚོགས”ཡོད་པ།
         གྲང་ངད་ཆེ་བའི་དགུན་དུས་ཀྱི་ཞིང་དལ་སྐབས་སུ་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་མདའ་བཞི་རྫོང་གསེར་ཐང་ཤང་འོད་ཟེར་གྲོང་ཚོར“ས་ཁྲིའི་དཔལ་འབྱོར”འཕེལ་རྒྱས་ཡག་པོ་འགྲོ་བཞིན་ཡོད།
          གྲོང་མི་མཱ་ཅིན་མེ་ཡིས་ས་ཁྲིའི་ཐོག་ལྷམ་གདན་དང་། ཁུག་མ་དྲི་ཞིམ། ཕོར་གདན་སོགས་འཚེམ་བཞིན་འདུག ཁོང་གིས“ཤང་ནང་གི་འཇོན་ཐང་ཅན་གྱི་གྲོས་མོལ་མཐུན་ཚོགས་ཀྱིས་ང་ཚོ་བུད་མེད་རྣམས་སྒྲིག་འཛུགས་བྱས་ཏེ་ཁོམ་པ་ཡོད་དུས་འཚེམ་དྲུབ་བྱེད་དུ་བཅུག་པ་མ་ཟད། ཀུང་སི་དང་འབྲེལ་བ་བྱས་ནས་གཅིག་གྱུར་གྱིས་འཚོང་གི་ཡོད་པས་ལོ་མཇུག་ཏུ་ཐོབ་ཆ་རག་གི་འདུག”ཅེས་བཤད།
          འཇོན་ཐང་ཅན་གྱི་གྲོས་མོལ་མཐུན་ཚོགས་ནི་གསེར་ཐང་ཤང་ཁོངས་གཏོགས་ཀྱི་གྲོང་ཚོ་9ནས་ཀུང་སི་དང་། མཉམ་ལས་ཁང་། ཁྱིམ་ཚང་འབྲོག་ར་སོགས་59ནས“འཇོན་ཐང་ཅན”ཧྲག་འདེམས་བྱས་ཏེ་གྲུབ་པའི་ཚོང་ཚོགས་རང་བཞིན་གྱི་མཐུན་ཚོགས་ཤིག་ཡིན་ཞིང་། གཞི་རིམ་རྩ་འཛུགས་སྒྲིག་གཞིའི་ཁ་གསབ་ནུས་ལྡན་ཞིག་ཡིན་པའི་ངོས་ནས་དེས་ཐོན་ལས་འཕེལ་རྒྱས་ཀྱི་ལས་སྟེགས་བཙུགས་ཏེ་སྤྱི་ཚོགས་རྩ་འཛུགས་ཀྱིས་ཏང་འཛུགས་སྐྱོང་གི་དབུལ་སྒྲོལ་ལས་དོན་ཁྲོད་ནུས་པ་ཐོན་པར་བྱས་ཡོད།
         “‘འཇོན་ཐང་ཅན’དེ་དག་ཚང་མས‘གཉེན་ཉེ་དབུལ་པོ’དང་ཆ་སྒྲིག་བྱེད་དགོས་ཀྱི་ཡོད། མཐུན་ཚོགས་ཀྱིས་དུད་ཚང་དབུལ་པོ་249དང‘ཆ་སྒྲིག་གྲོས་མཐུན་ཡི་གེ’བཞག་ནས་ལས་མི་སྤྱོད་པ་དང་ཐོབ་ཆ་བགོ་བ་སོགས་ཀྱི་རྣམ་པའི་ཐོག་ནས་དབུལ་སྒྲོལ་ལ་སྐུལ་ཁྲིད་བྱས་ཡོད”ཅེས་གསེར་ཐང་ཤང་དྲག་ཆས་པུའི་པུའུ་ཀྲང་ལི་ཡུང་ཀོང་གིས་བཤད་ཅིང་། ཁོང་གིས“ས་ཁྲིའི་ཐོག་ཐོབ་ཆ་སྒུག་ནས་སྡོད་རྒྱུ་མེད། གྲོས་མཐུན་ནང་ངལ་རྩོལ་ནུས་ཤུགས་མེད་པའི་དུད་ཚང་དབུལ་པོ་ཕུད་དུད་ཚང་དབུལ་པོ་གཞན་དག་གིས་གླ་པར་བསྐྱོད་པ་དང་། རང་འགུལ་ངང་ལས་གཏོད། རང་བརྟེན་གཉེར་སྐྱོང་། རྩལ་ནུས་གསོ་སྦྱོང་ནང་ཞུགས་པ་སོགས་ཀྱི་བྱ་ཐབས་བརྒྱུད་གླ་པ་རྒྱུག་པའི་དུས་ཚོད་བརྩི་དགོས་པ་དང་། དུས་ཚོད་ཟླ་བ་གསུམ་ལས་ཉུང་མི་རུང་ཞེས་གཏན་འབེབས་བཟོས་ཡོད། དེ་ལྟར་བྱུང་ཚེ་ལོ་མཇུག་ཏུ་གཞི་ནས་ཐོབ་ཆ་ལེན་ཆོག”ཅེས་བཤད།
         མ་དངུལ་དང་རྣམ་གྲངས་སྐོང་འཐེན་བྱ་ཆེད། གསེར་ཐང་ཤང་ཏང་ཨུད་སྲིད་གཞུང་གིས་ཐོན་ལས་འཕེལ་རྒྱས་ཀྱི་ཐེབས་རྩ་སྒོར་ཁྲི་100འཇོན་ཐང་ཅན་གྱི་གྲོས་མོལ་མཐུན་ཚོགས་ལ་བཏང་བ་མ་ཟད་ཡིད་རྟོན་ཁང་དང་གྲོས་མཐུན་བཞག་ནས་1བསྡུར་5གཞིར་བཟུང་དབུལ་སྐྱོར་དངུལ་བུན་སྒོར་ཁྲི་500སྐོང་འཐེན་བྱས་པ་དང་། དངུལ་བུན་དེ་དག་འཇོན་ཐང་ཅན་གྱི་གྲོས་མོལ་མཐུན་ཚོཌ་ཀྱི་ཕུལ་བྱུང་ཆེད་ལས་མཉམ་ལས་ཁང་དང་སྒེར་གཉེར་ཁེ་ལས་4ལ་བཏང་བ་མ་ཟད་ལོ་འཁོར་འདིར་ཐོབ་ཆ་སྒོར་ཁྲི་80བགོ་རྒྱུའི་གྲོས་མཐུན་ཡང་བཞག་པ་རེད།
         བྱ་ཐབས་གསར་པ། “བརྒྱད་འཛོམས”འདུ་འགོད་ལས་ཤང་གྲོང་ལ་མི་གནས་ཐུབ་པ།
         མཚོ་སྔོན་འདི་ཉིད་མཚོ་བོད་ས་མཐོའི་ཤར་རྒྱུད་དུ་གནས་པ་དང་། ལིའུ་ཕན་རི་བོ་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱི་གཅིག་སྡུད་ཡུག་འབྲེལ་གྱི་ས་ཁུལ་དབུལ་པོ་གཉིས་བར་འབྲེལ་ཡོད། དེའི་ཁར་ས་བབ་མཐོ་བ་དང་། དྲོད་ཚད་དམའ་བ། གསོ་རླུང་དཀོན་པ་བཅས་ཀྱི་རྐྱེན་པས་ཤང་གྲོང་མང་ཆེ་བའི་ཞབས་འདེགས་ཞུ་ཡུལ་ཁ་ཐོར་དུ་གནས་པ་དང་ཞབས་འདེགས་ཞུ་ཁག་ཙམ་ཡོད་པར་བརྟེན་ཤང་གྲོང་དུ་མི་གནས་དཀའ་བ་དེས་རིམ་ཁག་རྩ་འཛུཌ་ལ་ཚོད་བགམ་འཕྲད་ཡོད།
         2016ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་མ་དངུལ་སྒོར་དུང་ཕྱུར་9ལྷག་ཙམ་བཏང་ནས་ཞིང་ཆེན་ཡོངས་ཀྱི་ཤང་དང་གྲོང་རྡལ་365ལ་ཟ་ཁང་དང་། ཉལ་ཁང་། འཕྲིན་གཏོང་དྲ་རྒྱ། གསང་སྤྱོད་སོགས“བརྒྱད་འཛོམས”འདུ་འགོད་ལག་ལེན་བསྟར་བ་དང་། ཤང་གྲོང་གི་འཁོར་རྒྱུག་འགྲོ་གྲོན་སྒོར་ཁྲི་60ཡན་བར་མཐོ་རུ་བཏང་བས་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་འཁོར་རྒྱུག་འགྲོ་གྲོན་ཁ་གསབ་ཚད་གཞི་ཆ་སྙོམས་སྒོར་ཁྲི་3.6ཟིན་ཏེ་གཞི་རིམ་རྩ་འཛུགས་ཀྱི་གོང་བུ་སྒྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་ཆེ་རུ་གང་ལེགས་ཕྱིན་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།