འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རིའི་《ཉིང་རྡུལ་གནས་བབ་ཀྱི་གྲོས་ཞིབ་སྙན་ཞུར་》ལན་བསློགས་ནས་དེ་ཞི་བདེ་
    དང་འཕེལ་རྒྱས་ཀྱི་དུས་རབས་ཀྱི་བརྗོད་དོན་གཙོ་བོ་དང་རྒྱབ་འགལ་བྱས་
    འདུག་ཅེས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་07ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དར྄བའི་འཕྲིན། ཟླ་2ཚེས་5ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་འདྲི་ལན་བསྐྱོན་སྐབས། ཨ་རིའི་རྒྱལ་སྲུང་པུས་ཉིན་ཤས་གོང་སྤེལ་བའི་《ཉིང་རྡུལ་གནས་བབ་ཀྱི་གྲོས་ཞིབ་སྙན་ཞུ་》གསར་མ་དང་། མི་རིང་བའི་གོང་སྤེལ་བའི་《རྒྱལ་ཁབ་ཀྱི་བདེ་འཇགས་འཐབ་ཇུས་སྙན་ཞུ་》 དེ་བཞིན་《རྒྱལ་སྲུང་འཐབ་ཇུས་སྙན་ཞུ་》བཅས་གཅིག་རྒྱུན་གཅིག་འཛིན་ཡིན་ཞིང་། འཇམ་འཐབ་ཀྱི་བསམ་གཞིག་དང“རྒྱལ་ཕམ”རོལ་རྩེད་སོགས་དུས་ཡོལ་བའི་འདུ་ཤེས་བརྟན་པོ་བསྲུངས་པ་དང་། ས་ཁོངས་ཀྱི་ཆབ་སྲིད་དང་རྒྱལ་ཁབ་ཆེན་པོའི་དབར་གྱི་འགྲན་རྩོད་འུད་སྒྲོག་བྱས་པ། བདེ་འཇགས་སྲིད་ཇུས་ཁྲོད་དུ་ཉིང་རྡུལ་མཚོན་ཆའི་ནུས་པར་ཤུགས་སྣོན་བརྒྱབ་པ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཉིང་རྡུལ་མི་ཁྱབ་རྒྱུའི་རེ་འབོད་ལ་སྣང་ཆུང་བྱས་པ་བཅས་ལས་ཞི་བདེ་དང་འཕེལ་རྒྱས་ཀྱི་དུས་རབས་ཀྱི་བརྗོད་དོན་གཙོ་བོ་དང་རྒྱབ་འགལ་བྱས་འདུག་ཅེས་བརྗོད།
         ཀེང་ཧྲོང་གིས་ཨ་རིར་འཛམ་གླིང་ཐོག་གི་གཞི་ཁྱོན་ཆེ་ཤོས་དང་ཆེས་སྔོན་ཐོན་གྱི་ཉིང་རྡུལ་མཚོན་ཆའི་མཛོད་ཡོད་ཀྱང་ད་དུང་ཉིང་རྡུལ་གྱི་སྟོབས་ཤུགས་འཛུགས་སྐྲུན་ཆེན་པོ་བྱས་ནས་གོ་ལ་ཧྲིལ་པོའི་འཐབ་ཇུས་དོ་མི་སྙོམས་པ་ཇེ་སྡུག་ཏུ་གཏོང་བ་དང་། རན་ཚད་དམའ་བའི་ཉིང་རྡུལ་མཚོན་ཆ་འཕེལ་རྒྱས་གཏོང་བ་དང་ཉིང་རྡུལ་མཚོན་ཆ་སྤྱོད་པའི་ཚད་བཀག་དམའ་རུ་བཏང་ནས་ཉིང་རྡུལ་མཚོན་ཆ་སྤྱོད་པའི་ཉེན་ཁ་ཆེ་རུ་གཏོང་བ། “ཉིང་རྡུལ་མཚོན་ཆ་མེད་པའི་འཛམ་གླིང”གི་དམིགས་ཡུལ་དོར་ནས་རྒྱལ་སྤྱིའི་ཉིང་རྡུལ་མི་ཁྱབ་རྒྱུའི་འཕེལ་རིམ་ལ་གནོད་འཚེ་གཏོང་གི་ཡོད།
         ཁོང་གིས་ཀྲུང་གོ་ཕྱོགས་གིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་འཛུགས་སྐྱོང་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་ཀྱི་ལྟ་བ་གསར་པ་འཛུགས་རྒྱུའི་འདོད་ཚུལ་བཅངས་ནས་ཐོག་མཐའ་བར་གསུམ་དུ་རང་སྲུང་འགོག་སྲུང་གི་ཉིང་རྡུལ་འཐབ་ཇུས་བརྟན་པོ་བསྒྲུབ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་མཐར་ཉིང་རྡུལ་མཚོན་ཆ་ཕྱོགས་ཡོངས་ནས་བཀག་འགོག་དང་རྩ་མེད་བཟོ་རྒྱུར་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་བྱས་ཏེ“སྔོན་ལ་མི་སྤྱོད་པ”དང“ཉིང་རྡུལ་མེད་པའི་རྒྱལ་ཁབ་དང་ཉིང་རྡུལ་མེད་པའི་ཁུལ་ཁོངས་སུ་མི་སྤྱོད་པའམ་ཡང་ན་འཇིགས་སྐུལ་མི་བྱེད་པ”སོགས་ཀྱི་ཉིང་རྡུལ་སྲིད་ཇུས་དང་ཁས་ལེན་བརྟན་པོ་བསྲུང་རྒྱུ་ཡིན། ཀྲུང་གོས་སྔར་ནས་བཟུང་རྣམ་པ་གང་རུང་གི་ཉིང་རྡུལ་མཚོན་ཆའི་གྲབས་གཤོམ་གྱི་འགྲན་རྩོད་ལ་ཞུགས་མྱོང་མེད་ལ་སླད་ཕྱིན་ཡང་ཞུགས་མི་སྲིད། མ་ཟད་ཉིང་རྡུལ་སྟོབས་ཤུགས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་མཁོ་བའི་ཆུ་ཚད་དམའ་ཤོས་སུ་མཐའ་འཁྱོངས་བྱ་རྒྱུ་ཡིན། ཉིང་རྡུལ་མཚོན་ཆ་དབང་བ་ནས་དུས་རབས་ཕྱེད་ཀ་ཙམ་སོང་རིང་། ཀྲུང་གོ་ཕྱོགས་གིས་གོང་གསལ་གྱི་སྲིད་ཇུས་ལ་འགྱུར་ལྡོག་གཏན་ནས་གཏོང་མ་མྱོང་། ཨ་རི་ཕྱོགས་ཀྱི་སྙན་ཞུའི་ནང་ཀྲུང་གོ་ཕྱོགས་ཀྱི་སྲིད་ཇུས་དང་བྱེད་སྟངས་ལ་རང་དགར་འཁྱོག་བཤད་བྱས་ནས་རང་སོ་སོའི་ཉིང་རྡུལ་མཚོན་ཆའི་མཛོད་ཀྱི་གཞི་ཁྱོན་ཆེ་རུ་གཏོང་བ་དང་ཤུགས་སྣོན་རྒྱག་རྒྱུར་ཁ་གཡར་བའི་རེ་ངན་བཅངས་པ་དེ་ངལ་བ་སྟོང་ཟད་ཡིན་པ་སྨོས་མི་དགོས་ཞེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།