འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་ལ་ཏེང་མེ་གླིང་གི་མཉམ་ལས་ཐུན་མོང་གི་ཁེ་ཕན་དང་ཕན་ཚུན་གྱི་དགོས་མཁོར་
    བརྟེན་ཡོད་ཅེས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་07ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཨ་རིའི་དཔོན་རིགས་ཀྱིས“ཀྲུང་གོས་དཔལ་འབྱོར་གྱི་བྱ་ཐབས་སྤྱད་ནས་ལ་ཏེང་མེ་གླིང་རྒྱལ་ཁབ་རང་ཉིད་ཀྱི་བགྲོད་ལམ་དུ་འཇུག་རྩིས་ཡོད”ཅེས་བརྗོད་པར་དམིགས་ཏེ། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་ཚེས་2ཉིན་གསར་འགོད་པའི་འབྲེལ་ཡོད་དྲི་བར་ལན་སྐྱོན་སྐབས། ཀྲུང་གོ་ཕྱོགས་ནས་ལ་ཏེང་མེ་གླིང་སྲིད་ཇུས་ཐད་ཁ་གསལ་དང་སྒོ་འབྱེད་ཡིན་པ་དང་། ཕྱོགས་གཉིས་ཀྱི་མཉམ་ལས་ཐུན་མོང་གི་ཁེ་ཕན་དང་ཕན་ཚུན་གྱི་དགོས་མཁོར་བརྟེན་ཡོད། དེར་འདྲ་མཉམ་གཉིས་ཕན་དང་། སྒོ་འབྱེད་བསྟུན་མཁས། མཉམ་ལས་གཉིས་ཁེ་བཅས་ཀྱི་འདུ་ཤེས་འཛིན་གྱི་ཡོད་པས་འབྲེལ་ཡོད་རྒྱལ་ཁབ་ཀྱིས་སྒོ་འབྱེད་དང་བསྟུན་མཁས་ཀྱི་བསམ་བློར་བརྟེན་ནས་ཀྲུང་གོ་དང་ལ་ཏེང་མེ་གླིང་གི་མཉམ་ལས་དང་ཀྲུང་གོ་དང་ལ་ཏེང་མེ་གླིང་གི་འབྲེལ་བ་འཕེལ་རྒྱས་ལ་ལྟ་སྟངས་ཡང་དག་འཛིན་རྒྱུའི་རེ་བ་ཡོད་ཅེས་བརྗོད།
         ཕྱི་རྒྱལ་གྱི་སྨྱན་སྦྱོར་བས་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་མཐོ་རིམ་དཔོན་རིགས་ཀྱིས་ཉིན་ཤས་གོང་ཀྲུང་གོས་དཔལ་འབྱོར་གྱི་བྱ་ཐབས་སྤྱད་ནས་ལ་ཏེང་མེ་གླིང་རང་ཉིད་ཀྱི་བགྲོད་ལམ་དུ་བཅུག་ནས་འབྲེལ་ཡོད་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་ལས་ཞུགས་ལ་གནོད་སྐྱོན་བཏང་སྟེ་ལ་ཏེང་མེ་གླིང་རྒྱལ་ཁབ་དུས་ཡུན་རིང་པོ་ཀྲུང་གོར་རྟེན་དགོས་པ་བཟོས་ཡོད་ཅེས་བཤད་ཡོད། ཀྲུང་གོ་ཕྱོགས་ནས་གནས་ཚུལ་དེར་གང་འདྲ་བྱེད་རྩིས་ཡོད་དམ་ཞེས་གསར་འགོད་པས་དྲི་བ་བཏོན་ཡོད།
         ཧྭ་ཁྲུན་ཡིང་གིས་ཨ་རི་ཕྱོགས་ཀྱི་འབྲེལ་ཡོད་ཤོད་སྟངས་དོན་དངོས་དང་རྦད་དེ་རྒྱབ་འགལ་ཡིན་པ་དང་རྒྱ་ཆེའི་ལ་ཏེང་མེ་གླིང་རྒྱལ་ཁབ་ལ་བརྩི་བཀུར་མ་བྱས་པ་ཞིག་རེད་ཅེས་བརྗོད་ཡོད།
         ཁོང་གིས་ཀྲུང་གོ་དང་ལ་ཏེང་མེ་གླིང་རྒྱལ་ཁབ་གཉིས་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཅིག་ཡིན་པ་དང་། འཕེལ་རྒྱས་ཀྱི་དུས་མཚམས་དང་འཕེལ་རྒྱས་ཀྱི་ལས་འགན་མཉམ་དུ་ཕྲད་ཡོད་པས་ཕྱོགས་གཉིས་ཀྱི་མཉམ་ལས་ཐུན་མོང་གི་ཁེ་ཕན་དང་ཕན་ཚུན་གྱི་དགོས་མཁོར་རྟེན་ཡོད་པ་དང་། དེར་འདྲ་མཉམ་གཉིས་ཕན་དང་། སྒོ་འབྱེད་བསྟུན་མཁས། མཉམ་ལས་གཉིས་ཁེ་བཅས་ཀྱི་འདུ་ཤེས་འཛིན་གྱི་ཡོད། ཀྲུང་གོ་ལ་ཏེང་མེ་གླིང་གི་སྤོམ་ཆེའི་ཚོང་ཟོག་ཉོ་མཁན་གྱི་རྒྱལ་ཁབ་གཙོ་བོ་ཞིག་ཡིན་པ་མ་ཟད། ད་དུང་ལ་ཏེང་མེ་གླིང་གི་ཞིང་ཟོག་དང་ཟུར་སྣོན་རིན་ཐང་ཆེ་བའི་ཐོན་རྫས་དེ་བས་མང་བ་ནང་འདྲེན་བྱས་ཡོད། ཀྲུང་གོ་དང་ལ་ཏེང་མེ་གླིང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མཉམ་ལས་ཀྱིས་ལ་ཏེང་མེ་གླིང་གི་འཕེལ་རྒྱས་ཀྱི་འཇུར་མིག་སེལ་བ་དང་དམངས་འཚོ་ལེགས་སུ་གཏོང་བར་ནུས་པ་གལ་ཆེན་ཐོན་ཡོད། ཀྲུང་གོས་ལ་ཏེང་མེ་གླིང་ལ་མ་འཇོག་དང་དངུལ་རྩའི་མཉམ་ལས་བྱས་པ་ཚང་མ་ཚོང་ལས་ཀྱི་སྒྲིག་སྲོལ་དང་ས་གནས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་ལ་བརྟེན་ཡོད། རྒྱལ་སྤྱིའི་ངལ་རྩོལ་པ་རྩ་འཛུགས་ཀྱིས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། 1995ལོ་ནས་2016ལོའི་རིང་ཀྲུང་གོའི་ཁེ་ལས་ཀྱིས་ལ་ཏེང་མེ་གླིང་ལ་ལས་ཞུགས་ལས་གནས་ཁྲི་180བཏོད་ཡོད།
         “མི་རིང་བའི་གོང་ཀྲུང་གོ་དང་ལ་ཏེང་མེ་གླིང་གླེང་སྟེགས་ཀྱི་སྐབས་གཉིས་པའི་པུའུ་ཀྲང་རིམ་པའི་ཚོགས་འདུ་ཆི་ལིར་བདེ་བླག་ངང་འཚོགས་པ་དང་། ལ་ཏེང་མེ་གླིང་དང་ཅ་ལེ་པིའི་རྒྱལ་ཁབ་31གིས་ཚོགས་པ་མངགས་ནས་ཞུགས་པ་དང་། དེའི་ནང་ཀྲུང་གོ་དང་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་མེད་པའི་རྒྱལ་ཁབ་9ཡོད། ཚོགས་འདུའི་ཐོག་《ཧྲེང་ཏེ་ཡ་ཀོའི་བསྒྲགས་གཏམ་》དང་《ཐུན་མོང་བྱ་སྤྱོད་འཆར་གཞི་》《“རྒྱུད་གཅིག་ལམ་གཅིག”སྐོར་གྱི་དམིགས་གསལ་གསལ་བསྒྲགས་》བཅས་ཀྱི་ཡིག་ཆ་གསུམ་ལ་གྲོས་འཆམ་བྱུང་བ་དེས་དུས་མཚམས་རྗེས་མའི་ཀྲུང་གོ་དང་ལ་ཏེང་མེ་གླིང་གི་མཉམ་ཚོང་མཉམ་སྐྲུན་མཉམ་སྤྱོད་ཀྱི་རྩ་དོན་ལ་བརྟེན་ནས་མཉམ་ལས་ལེགས་འགྱུར་རིམ་སྤོར་དང་གསར་གཏོད་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བའི་འདོད་བློ་གསལ་པོ་གཅིག་སྡུད་མངོན་ཡོད། ཧྭ་ཁྲུན་ཡིང་གིས“དེ་དག་ལས་ལ་ཏེང་མེ་གླིང་རྒྱལ་ཁབ་ཀྱི་སེམས་སུ་ཚད་ཤིང་ཞིག་ཡོད་པ་དང་ཀྲུང་གོ་དང་མཉམ་ལས་བྱེད་པའི་ཐད་ཐུན་མོང་གི་ངོས་འཛིན་ཆེན་པོ་ལྡན་ཡོད་པ་གསལ་བཤད་གང་ལེགས་བྱེད་ཐུབ”ཅེས་བརྗོད་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།