འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ཝུ་རུ་མུ་ཆི་-ཟི་ལིང་-ལྷ་སའི་བར་གྱི་མཁའ་ལམ་ཤར་གཏོང་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་05ཉིན། 14:10】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཝུ་རུ་མུ་ཆི་-ཟི་ལིང་-ལྷ་སའི་བར་གྱི་མཁའ་ལམ་ཟླ་1ཚེས་31ཉིན་ཤར་གཏོང་བྱས་པ་དང་། གཟའ་འཁོར་རེའི་གཟའ་ཟླ་བ་དང་། གཟའ་ལྷག་པ། གཟའ་པ་སངས། གཟའ་ཉི་མ་བཅས་ཉིན་རེར་དུས་གཏན་གནམ་གྲུ་ཐེངས་རེ་འཕུར་སྐྱོད་བྱེད་རྒྱུ་ཡིན་པ་དང་། སི་ཁྲོན་མཁའ་འགྲུལ་ཀུང་སིས་འཕུར་སྐྱོད་བྱེད་འགན་ཁུར་བ་རེད། དུས་དེ་ནས་བཟུང་ཝུ་རུ་མུ་ཆི་དང་རྒྱལ་ནང་གི་ཞིང་ཆེན་ཁག་གི་ལྟེ་བའི་གྲོང་ཁྱེར་ཚང་མའི་བར་གནམ་གྲུ་ཤར་གཏོང་བྱས་ཡོད་པ་རེད། སི་ཁྲོན་མཁའ་འགྲུལ་གྱི་ཝུ་རུ་མུ་ཆིའི་རྟེན་གཞི་ཡང་ཉིན་དེར་སྒོ་བྱང་བཀལ་ནས་གཉེར་སྐྱོང་བྱེད་འགོ་ཚུགས་པ་རེད།
         གསར་འགོད་པས་ཤིན་ཅང་གནམ་ཐང་ཚོགས་པ་ནས་ཤེས་རྟོགས་བྱུང་གསལ། ཝུ་རུ་མུ་ཆི་-ཟི་ལིང་-ལྷ་སའི་བར་གྱི་མཁའ་ལམ་ནི་ཤིན་ཅང་དང་། མཚོ་སྔོན། བོད་ལྗོངས་བཅས་དང་རྒྱལ་ཁབ་དམངས་སྤྱོད་མཁའ་འགྲུལ་ཅུས་སོགས་ཀྱིས་ཐུན་མོང་འབད་བརྩོན་བྱས་ཏེ་ཤར་གཏོང་བྱས་པའི་ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་མཉམ་དུ་འབྲེལ་བའི་དམངས་འཚོའི་མཁའ་ལམ་ཞིག་ཡིན་པས། ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་དང་དེ་བཞིན་རྒྱལ་ཡོངས་མི་རིགས་ཁག་གི་འགྲུལ་པར་ཕན་པ་དང་། “དར་གོས་འགྲུལ་ལམ་དཔལ་འབྱོར་དར་ཁུལ”གྱི་མཁའ་ཐོག་བར་ཁྱམས་འཛུགས་སྐྲུན་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་བར་ཕན་ཚུན་སྦྲེལ་མཐུད་ལ་སྐུལ་སྤེལ་གཏོང་བར་དོན་སྙིང་གལ་ཆེན་ལྡན་པ་རེད།
         ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ཀྱི"རྒྱུད་གཅིག་ལམ་གཅིག"གི་གྲོས་གཞིའི་སྣེ་ཁྲིད་འོག ཤིན་ཅང་གནམ་ཐང་ཚོགས་པ་དང་མཁའ་འགྲུལ་ཀུང་སི་ཆེན་པོ་ཁག་བར་ཕན་ཚུན་འབྲེལ་འདྲེས་སྔར་བས་ཇེ་དམ་དང་། མཉམ་ལས་སྤེལ་རེས་ཉིན་བཞིན་ཇེ་ཟབ་བྱེད་བཞིན་ཡོད་པ་རེད། ན་ནིང་། ཤིན་ཅང་གནམ་ཐང་ཚོགས་པས་ལོ་ཧྲིལ་པོར་ཡུལ་སྐོར་བ་བསུ་སྐྱེལ་བྱས་གྲངས་མི་ཐེངས་ཁྲི་3000གི་འགག་སྒོ་ཆེན་པོ་ལས་བརྒལ་བ་དང་། མཁའ་ལམ་50གསར་དུ་འཕར་ཏེ་མཁའ་ལམ་ཁྱོན་བསྡོམས་264ཟིན་པས། མཁའ་ལམ་དྲ་རྒྱར་སྔར་ལས་ཤར་བགྲོད་ཐུབ་པ་དང་། མཁའ་འགྲུལ་ཚོང་ར་སྔར་བས་དར་རྒྱས་བྱུང་ཡོད་པ་རེད།
         ཉིན་དེར། སི་ཁྲོན་མཁའ་འགྲུལ་གྱི་ཝུ་རུ་མུ་ཆིའི་རྟེན་གཞི་སྒོ་བྱང་བཀལ་ནས་བཙུགས་པ་རེད། མིག་སྔར་སི་ཁྲོན་མཁའ་འགྲུལ་ལ་འགྲུལ་སྐྱེལ་གནམ་གྲུ་130ལྷག་ཡོད་ལ། མཁའ་ལམ་དྲ་རྒྱ་རྒྱལ་ཡོངས་དང་འཛམ་གླིང་གི་གླིང་ཆེན་ཁག་ལ་ཁྱབ་ཡོད། ཐེངས་འདིར་སི་ཁྲོན་མཁའ་འགྲུལ་གྱིས་ཤིན་ཅང་དུ་རྟེན་གཞི་བཙུགས་པ་མ་ཟད། མཚན་མོ་འགྲུལ་སྐྱེལ་གྱི་ནུས་ཤུགས་ཀྱང་ཆེ་རུ་རྒྱུན་ཆད་མེད་པར་བཏང་ནས་གནམ་གྲུ་བཞག་གྲངས་ཁྱོན་བསྡོམས་རིམ་བཞིན་10ལ་ཟིན་པའི་འཆར་གཞི་བཀོད་ཡོད་ཅིང་། ཉེ་དུས་ད་དུང་ཝུ་རུ་མུ་ཆི་-ཟི་ལིང་-པེ་ཧའེ་བར་གྱི་མཁའ་ལམ་དང་། ཁྲེང་ཏུའུ་-ཝུ་རུ་མུ་ཆི་-ཨ་ལེ་ཐའེ་བར་གྱི་མཁའ་ལམ་གཉིས་གསར་དུ་ཤར་གཏོང་བྱེད་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།