འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་དཔེ་མཛོད་ཁང་གི་ཕུལ་བྱུང་རིག་གནས་ཆ་འཕྲིན་ཐོན་ཁུངས་རིན་པ་མི་དགོས་
    པར་མཉམ་སྤྱོད་བྱས་ཆོག་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་05ཉིན། 13:41】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། མིག་སྔར། བོད་ལྗོངས་དཔེ་མཛོད་ཁང་གིས་ལྷ་སར"ངའི་བཀྲ་ཤིས་པའི་རིག་གནས་ལོ"ཞེས་པ་བརྗོད་བྱ་གཙོ་བོར་བྱས་པའི་བོད་ལྗོངས་སྤྱི་པའི་གྲངས་འཛིན་རིག་གནས་འགྲེམས་སྟོན་གཉེར་བ་རེད། གསར་འགོད་པས་འགྲེམས་སྟོན་ནས་ཤེས་རྟོགས་བྱུང་གསལ་དུ། མིག་སྔའི་བར། བོད་ལྗོངས་དཔེ་མཛོད་ཁང་གིས་བོད་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་ནང་རིན་པ་མི་དགོས་པར་ཕུལ་བྱུང་རིག་གནས་ཆ་འཕྲིན་གྱི་ཐོན་ཁུངས་མཉམ་སྤྱོད་མངོན་འགྱུར་བྱས་ཡོད་ཅིང་། བོད་ལྗོངས་དཔེ་མཛོད་ཁང་དུ་བཙུགས་པའི་རྒྱལ་ཡོངས་ཀྱི་རིག་གནས་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་ལས་གཞི་བོད་ལྗོངས་ཡན་ལག་ལྟེ་གནས་དེ་བོད་ལྗོངས་ཡོངས་ཀྱི་སྤྱི་པའི་རིག་གནས་གྲངས་གཞི་ཅན་དུ་ཞབས་འདེགས་ཞུ་བའི་ནུས་ཤུགས་གཙོ་བོ་དང་སྣེ་ཁྲིད་པར་གྱུར་པ་རེད།
         རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔའི་བར། བོད་ལྗོངས་ཀྱིས་རིག་གནས་མཉམ་སྤྱོད་ལས་གཞིའི་ཞབས་ཞུའི་ས་ཚིགས་ཞིང་ཆེན་རིམ་པའི་ཡན་ལག་ལྟེ་གནས་1དང་། གྲོང་ཁྱེར་དང་ས་ཁུལ་རིམ་པའི་ཡན་ལག་ལྟེ་གནས་3 རྫོང་རིམ་པའི་ཡན་ལག་ལྟེ་གནས་74 ཤང་དང་གྲོང་རྡལ་གཞི་རིམ་ཞབས་ཞུའི་ས་ཚིགས་692བཅས་བཙུགས་པས། བོད་ལྗོངས་ཡོངས་ཀྱི་གྲོང་ཚོའི་གྲོང་མི་ཞབས་ཞུ་ས་ཚིགས་དང་ལག་ཐོགས་ཁ་པར་གྱི་འཕྲིན་ཕྲན་ཞབས་ཞུ་སོགས་ལ་ཁྱབ་པས། རིམ་པ་དྲུག་གི་དྲ་རྒྱའི་བརྒྱུད་གཏོང་མ་ལག་གཞི་རྩའི་ཐོག་མངོན་འགྱུར་བྱུང་བ་དང་། བོད་སྐད་ཐོན་ཁུངས་འཛུགས་སྐྲུན་ལྟེ་གནས་ཀྱི་སྒོ་བྱང་བཀལ་ནས་བཙུགས་པ་རེད།
         བོད་ལྗོངས་དཔེ་མཛོད་ཁང་གི་འགོ་འཛིན་ཚེ་བརྟན་བུ་ཁྲིད་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཡོངས་ཀྱི་རིག་གནས་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་ལས་གཞིའི་བོད་ལྗོངས་ཡན་ལག་ལྟེ་གནས་ཀྱིས་2007ལོ་ནས་བཟུང་ས་གནས་ཀྱི་ཁྱད་ཆོས་མངོན་གསལ་ལྡན་པ་དང་། མང་ཚོགས་ལྟ་འདོད་ཅིང་ཉན་སྤྲོ་བ། རིག་གནས་རིན་ཐང་ཅུང་མཐོ་བ་བཅས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ཁུངས། བོད་སྐད་སྒྱུར་བཟོའི་ཐོན་ཁུངས། གསར་བརྗེའི་རིག་གནས་ཐོན་ཁུངས་ལ་སོགས་པའི་ཐོན་ཁུངས་མཛོད་བཙུགས་པ་རེད། 2017ལོའི་ལོ་མཇུག་བར། བོད་ལྗོངས་དཔེ་མཛོད་ཁང་གི་ས་ཚིགས་གཙོ་བོ་བོད་ལྗོངས་ཀྱི་གྲངས་འཛིན་རིག་གནས་དྲ་རྒྱའི་ཐོག་ལ་བོད་ལྗོངས་དཔེ་མཛོད་ཁང་རང་གིས་བསྐྲུན་པའི་གླིང་སྒྲུང་སྒྲ་ཟློས་དང་། བོད་ཤོག བོད་ཀྱི་སྣག་ཚ། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པ་སོགས་ཁྱད་ཆོས་ལྡན་པའི་ཐོན་ཁུངས་བམ་པོ་663དང་། རིག་གནས་མཉམ་སྤྱོད་ལས་གཞིའི་བརྙན་ཟློས་ཐོན་ཁུངས་བམ་པོ་3560བཅས་སྐྱེལ་འཇོག་བྱས་པ་རེད།
         དེ་དང་དུས་མཚུངས་སུ་ཁྱད་ཆོས་ལྡན་པའི་བཀོལ་སྤྱོད་བོད་ལྗོངས་ཀྱི་གྲངས་འཛིན་རིག་གནས་དྲ་བ་དང་། རྨང་གཞིའི་མཉེན་ཆས་རྒྱུད་ཁོངས་ཆེ་གྲས་ལྔ། མཁྲེགས་ཆས་དང་འཕྲུལ་ཆས་ཁང་འཛུགས་སྐྲུན་བཅས་ལེགས་འགྲུབ་བྱས་ནས་བོད་ལྗོངས་ཀྱི་སྤྱི་པའི་གྲངས་འཛིན་རིག་གནས་འཛུགས་སྐྱོང་གི་མཉེན་ཆས་དང་མཁྲེགས་ཆས་ཀྱི་རྨང་གཞིའི་ཁོར་ཡུག་ཕྱོགས་ཡོངས་ནས་མཐོ་རུ་བཏང་བ་རེད། བོད་ལྗོངས་ཡོངས་ཀྱི་སྤྱི་པའི་གློག་རྡུལ་དཔེ་གཟིགས་ཁང་གི་དོ་དམ་མ་ལག་འཛུགས་སྐྲུན་རྣམ་གྲངས་རིག་གནས་བྱེད་སྒོ་ལྟེ་གནས་474ལ་ཁྱབ་པ་དང་། དྲ་ཚིགས་དང་། འཕྲིན་ཕྲན། གློག་རྡུལ་དཔེ་གཟིགས་ཁང་། རིམ་པ་ཁག་གི་རིག་གནས་ཁང་སོགས་ལ་བརྒྱུད་ནས་རྒྱ་ཆེའི་འཛད་སྤྱོད་པར་སྣ་མང་ཅན་གྱི་ཞབས་ཞུ་འདོན་སྤྲོད་བྱེད་ཀྱི་ཡོད་པ་དང་། དུས་མཚུངས་སུ་རིན་པ་མི་དགོས་པར་གསོ་སྦྱོང་དང་འགྲེམས་སྟོན་སོགས་བྱ་ཐབས་སྣ་མང་གི་ཞབས་ཞུ་ཁྱབ་སྤེལ་བྱེད་སྒོར་བརྟེན་ས་གཞི་རིམ་སྤྱི་པའི་རིག་གནས་ལས་གཉེར་མི་སྣ་རྣམས་ཀྱི་ཁྱོན་ཡོངས་ཀྱི་བྱང་ཚད་མཐོ་རུ་གཏོང་གི་ཡོད་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། དེའི་རྗེས་སུ་རྒྱལ་ཡོངས་ཀྱི་རིག་གནས་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་ལས་གཞི་བོད་ལྗོངས་ཡན་ལག་ལྟེ་གནས་ཀྱིས་འབྲེལ་ཡོད་ཡིག་ཆའི་དགོངས་དོན་དང་དགོངས་འཆར་གཞིར་བཟུང་སྟེ་བོད་ལྗོངས་ཀྱི་སྤྱི་པའི་གྲངས་འཛིན་རིག་གནས་འཛུགས་སྐྱོང་བརྟན་དུ་བཏང་ནས་མང་ཚོགས་ལ་གྲངས་འཛིན་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མཉམ་སྤྱོད་བྱེད་དུ་བཅུག་སྟེ་གྲངས་འཛིན་རིག་གནས་ཞབས་ཞུའི་ཕན་འབྲས་ཆེ་ཤོས་སུ་མངོན་འགྱུར་ཤུགས་ཆེན་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།