འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་ལས་འབྲེལ་བྱུང་ནས་ལས་དབང་ལ་འགྱུར་ལྡོག་བྱུང་བ། 

    —— ཨ་ཧྥུ་ཀ་ནི་སི་ཐན་ནས་ཡིན་པའི་བུད་མེད་རྒྱ་ཡིག་དགེ་རྒན་གྱི་སློབ་ཁྲིད་ལམ་བུ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་04ཉིན། 11:32】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། བབ་ཆགས་ཀྱི་སློབ་ཁང་ནང་དྲོད་རླངས་དང་དྲོད་སྙོམ་སྒྲིག་ཆས་མེད་པ་དང་། ཐ་ན་སྒྲོག་ཙེ་རྐུབ་བཀྱག་ཆ་ཚང་བ་མེད་པ་མ་ཟད། སློབ་ཁང་ནང་དགུན་དུས་ཀྱི་གྲང་རླུང་ཡང་ཡང་ལྡང་གི་ཡོད། ཨ་ཧྥུ་ཀ་ནི་སི་ཐན་དབྱི་པན་ཤི་ནཱ་སློབ་ཆེན་གྱི་རྒྱ་ཡིག་ཚན་ཁག་གི་དགེ་རྒན་ཧྥར་ཀྲ་ནཱ་·ཧ་ཤི་སློབ་ཁྲིད་སྟེགས་བུའི་དཀྱིལ་དུ་ལངས་ཡོད་པ་དང་སློབ་མ་ཚོས་བློ་རྩེ་གཅིག་སྒྲིམ་གྱི་སྒོ་ནས་སློབ་ཚན་ཉན་པ་དང་སྦྲགས་དགེ་སློབ་དབར་སྤེལ་རེས་ཡང་ཡང་བྱེད་བཞིན་ཡོད།
         ལོ་21ལ་སླེབས་པའི་ཧྥར་ཀྲ་ནཱ་ནི་ཨ་ཧྥུ་ཀ་ནི་སི་ཐན་གྱི་རྒྱལ་ས་ཁ་པུར་དུ་མང་པོ་མེད་པའི་བུད་མེད་ཀྱི་རྒྱ་ཡིག་དགེ་རྒན་ཞིག་ཡིན་ཞིང་། ཁོང་གིས་རྒྱ་ཡིག་སློབ་ཚན་འཁྲིད་ནས་ཀྲུང་གོའི་རིག་གནས་བརྒྱུད་སྤེལ་བྱེད་པ་དང་། བུད་མེད་ལ་སློབ་གསོ་ཐེབས་ཤུགས་ཅུང་ཞན་པའི་ས་གནས་དེ་གའི་སྤྱི་ཚོགས་ཐོག་རང་ཉིད་ཀྱི་རིན་ཐང་མངོན་པར་བྱས་ཡོད་ལ་རང་ཉིད་ཀྱི་ལས་དབང་ལའང་འགྱུར་ལྡོག་བཏང་ཡོད།
         “ང་ཆུང་དུས་ནས་ཀྲུང་གོར་འགྲོ་འདོད་ཆེན་པོ་ཡོད”ཅེས་ཧྥར་ཀྲ་ནཱས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་ཅིང་། ཁོང་གིས་ཆུང་དུས་བརྙན་འཕྲིན་ཐོག་ནས་ཀྲུང་གོའི་ཡུལ་གོམས་གཤིས་ལུགས་དང་། གནའ་ཤུལ། མཛེས་སྡུག་ལྡན་པའི་ཡུལ་ལྗོངས་བཅས་མཐོང་བ་ལས་ངར་བག་ཆགས་ཟབ་མོ་བཞག་བྱུང་། དུས་དེ་ནས་བཟུང་ཀྲུང་གོའི་རིག་གནས་ལ་ཡིད་སྨོན་ཆེན་པོ་སྐྱེས་ཏེ་ཀྲུང་གོར་དེ་བས་རྒྱུས་མངའ་གཏིང་ཟབ་ཡོང་རྒྱུའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད་ཅེས་བཤད།
         “བློ་ཕམ་དགོས་པ་ཞིག་ལ་བྱིས་པའི་དུས་རྒྱ་ཡིག་སྦྱོང་བའི་གོ་སྐབས་མེད་པ་དང་སློབ་འབྲིང་སྐབས་སུའང་རྒྱ་ཡིག་སློབ་ཚན་བཀོད་སྒྲིག་བྱས་མེད”2013ལོར་ཧྥར་ཀྲ་ནཱ་ཁ་པུར་སློབ་ཆེན་དུ་ཚུད་རྗེས་རང་ཉིད་ཀྱི་ཀྲུང་གོའི་ཕུགས་འདུན་དོན་གཉེར་བྱེད་འགོ་ཚུགས། སྐབས་དེ་དུས་ཁ་པུར་སློབ་ཆེན་གྱི་ཁུང་ཙི་སློབ་གླིང་ནི་ཨ་ཧྥུ་ཀ་ནི་སི་ཐན་རྒྱལ་ཡོངས་སུ་རྒྱ་ཡིག་སློབ་ཁྲིད་ས་ཚིགས་ཡོད་པའི་སློབ་གླིང་དང་པོ་དེ་ཡིན་ལ། གཅིག་པུ་དེའང་ཡིན།
         ས་གནས་དེར་བུད་མེད་སློབ་གསོའི་ལས་གནས་ཐོག་བསྐྱོད་རྒྱུ་ལྟ་ཞོག་བུད་མེད་ལ་སློབ་གསོ་མྱོང་བའི་གོ་སྐབས་མེད། མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱི་གྲངས་གཞི་ལས་མངོན་གསལ། ཨ་ཧྥུ་ཀ་ནི་སི་ཐན་རྒྱལ་ཡོངས་སུ་མིག་སྔར་སློབ་མཚམས་ཆད་པའི་སློབ་ལོ་ལོན་པའི་བྱིས་པ་ཁྲི་350ཡོད་པའི་ནང་བུ་མོའི་བསྡུར་གྲངས་དེ་70%ཟིན་ཡོད། དེའི་ཐད་སྨྱན་སྦྱོར་གྱིས་དེ་སྔ་རྩོམ་ཡིག་བྲིས་ནས་ཨ་ཧྥུ་ཀ་ནི་སི་ཐན་དུ་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་རྒྱུ་ནི་དམག་འཁྲུག་གཅིག་ཡིན་ལ་བུད་མེད་ཁྲོད་སློབ་གསོ་ཁྱབ་གདལ་གཏོང་རྒྱུ་དེའང་དམག་འཁྲུག་གཞན་ཞིག་ལྟ་བུ་ཡིན་ཞེས་བརྗོད་ཡོད།
         ཡ་ང་བའི་དོན་དངོས་ལས་ཧྥར་ཀྲ་ནཱའི་རྒྱ་ཡིག་དགེ་རྒན་ཞིག་བྱེད་པའི་ཆོད་སེམས་དེ་བས་བརྟན་དུ་སོང་ཡོད། ཧྥར་ཀྲ་ནཱའི་ལོ་རྒྱུས་མདོར་བསྡུས་མཐུག་པོའི་ནང་ཀྲུང་གོའི་གཞུང་ཚབ་ཁང་གིས་སྤྲད་པའི་སྦྱངས་འབྲས་ལེགས་ཐོན་བྱ་དགའི་གཟི་བརྗིད་མཚན་སྙན་ལག་ཁྱེར་དང་། རྒྱ་ཡིག་ཆུ་ཚད་ཡིག་རྒྱུགས་ཀྱི་རིམ་པ་ལྔ་པའི་ལག་ཁྱེར། ཁུང་ཙི་སློབ་གླིང་ནས་སྤྲད་པའི་ཀྲུང་གོའི་ཡིག་གཟུགས་འགྲན་བསྡུར་གྱི་ཕུལ་བྱུང་བྱ་དགའི་ལག་ཁྱེར་སོགས་མང་པོ་ཞིག་གསར་འགོད་པས་མཐོང་། དེ་དག་ལས་ཁོང་གིས་དཀའ་སྤྱད་འབད་བརྩོན་བྱས་པ་མངོན་པ་སྨོས་མེད་རེད།
         2016ལོའི་ཟླ་9པར་ཧྥར་ཀྲ་ནཱ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་རིམ་པ་ཁག་གི་འདེམས་སྒྲུག་བརྒྱུད་སློབ་གྲྭ་དེ་ཡོངས་ཀྱི་རྒྱ་ཡིག་ཚན་ཁག་གི་སློབ་ཐོན་སློབ་མའི་ཁྲོད་གཟེངས་སུ་ཐོན་ཏེ་ཨ་ཧྥུ་ཀ་ནི་སི་ཐན་དབྱི་པན་ཤི་ནཱ་སློབ་ཆེན་གྱི་རྒྱ་ཡིག་སློབ་ཁྲིད་ས་ཚིགས་ཀྱི་དགེ་རྒན་ལ་གདན་ཞུ་བྱས་པས་སློབ་གྲྭ་དེའི་བུད་མེད་རྒྱ་ཡིག་དགེ་རྒན་དང་པོ་དེར་གྱུར་ཡོད།
         ཀྲུང་གོ་དང་ཨ་ཧྥུ་ཀ་ནི་སི་ཐན་རྒྱལ་ཁབ་གཉིས་ཀྱི་ལོ་མང་གི་འབད་བརྩོན་ལས་བྱ་གཞག་དེ་ད་ཆ་རྒྱུན་གཏན་གྱི་ལམ་བུའི་ཐོག་སྐྱོད་བཞིན་ཡོད་པ་དང་། རྒྱ་ཡིག་སློབ་སྦྱོང་བྱེད་འདོད་སྐོམ་པ་ཆུ་འདོད་ལྟར་ཡོད་པའི་ཨ་ཧྥུ་ཀ་ནི་སི་ཐན་གྱི་མང་ཚོགས་དེ་བས་མང་བར་ཕྱོགས་ཡོད། དབྱི་པན་ཤི་ནཱ་སློབ་ཆེན་ནི་ས་གནས་དེ་གའི་སྤྱི་ཚོགས་ཀྱི་དགོས་མཁོར་གཞིགས་ནས་གསར་དུ་འཕེལ་རྒྱས་བཏང་བའི་རྒྱ་ཡིག་སློབ་ཁྲིད་ས་ཚིགས་གཉིས་ཀྱི་གྲས་ཤིག་ཡིན་པ་མ་ཟད། ས་གནས་དེ་གའི་དགེ་རྒན་གྱིས་རྒྱ་ཡིག་སློབ་ཁྲིད་ཀྱི་འགན་ཚང་མ་ཁུར་གྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།