འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་གཏོད་པའི"ལམ་ཐིག་དཔེ་རིས"
    བཏོན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་03ཉིན། 13:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། “རྒྱལ་ཁབ་སྟོབས་ཆེན་དགོས་ན་ངེས་པར་དུ་དཔལ་འབྱོར་མ་ལག་སྟོབས་ཆེན་ཞིག་དགོས”ཉེ་དུས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་གཏོད་ཆེད་མཉམ་སྡེབ་སློབ་སྦྱོང་ཐེངས་གསུམ་པ་བྱས་ཤིང་། སློབ་སྦྱོང་གཙོ་སྐྱོང་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་གཏོད་རྒྱུ་ནི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་བྱ་གཞག་གི་སྤྱི་ཡོངས་ནས་འགོ་བཙུགས་པ་ཞིག་ཡིན་པས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པའི་བླང་བྱ་གསར་པ་དང་འཚམས་པ་བྱ་རྒྱུར་དམིགས་ནས་བཏོན་པའི་ཐབས་ཇུས་ཀྱི་བཀོད་སྒྲིག་གལ་ཆེན་ཞིག་རེད་ཅེས་ནན་བཤད་གནང་བ་རེད།
          སྐབས་བཅུ་དགུ་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་དང་པོ་དང་གཉིས་པའི་སྐབས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་རྒྱལ་ཁབ་ཀྱི་གྲངས་གཞི་ཆེ་མོའི་འཐབ་ཇུས་ལག་ལེན་བསྟར་རྒྱུར་དམིགས་པ་དང་ད་ཐེངས་ཀྱི་མཉམ་སྡེབ་སློབ་སྦྱོང་ནང་དཔལ་འབྱོར་གྱི་སྤྱི་ཡོངས་ཀྱི་འཐབ་ཇུས་བཀོད་ཇུས་ལ་དམིགས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་གཏོད་པའི་གལ་ཆེའི་རང་བཞིན་དང་དཀའ་ཚེགས་རང་བཞིན་ནན་བཤད་གནང་བ་མ་ཟད། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་གཏོད་རྒྱུའི་དམིགས་ཚད་དང་གཙོ་གནད་ཀྱང་ཁ་གསལ་བཏོན་གནང་ཡོད།
         རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་དུས་རབས་གསར་པར་སླེབས་ནས་མགྱོགས་མྱུར་འཕར་བའི་དུས་མཚམས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་སུ་བསྒྱུར་ཡོད།
         “དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་གཏོད་རྒྱུ་དེ་དུས་རབས་གསར་པའི་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོར་འགྱུར་ལྡོག་བྱུང་བར་དམིགས་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དཔལ་འབྱོར་འཛུགས་སྐྲུན་གྱི་བཀོད་པ་དོན་འཁྱོལ་བྱེད་པའི་ནང་གནས་ཀྱི་བླང་བྱ་ཞིག་རེད”ཅེས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་ཅུས་ཀྲང་གཅིག་ལྕོགས་ཉིང་ཅི་ཀྲེ་ཡིས་བཤད། ཁོང་གིས་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་དུས་མཚམས་ལ་འགྱུར་ལྡོག་བྱུང་བ་དང་འཚམ་ལ་འཕེལ་རྒྱས་ཀྱི་འགག་སྒོ་ལས་སྒྲོལ་བའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཞིག་ཀྱང་རེད་ཅེས་བཤད།
         ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང“དེང་རབས་ཅན་གྱི་དཔལ་འབྱོར་མ་ལག”ཅེས་པ་ཐོག་མར་བཏོན་རྗེས་ཕྱི་ཕྱོགས་ཀྱིས་གང་ཞིག་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་དང་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་ཇི་ལྟར་བྱས་ནས་གཏོད་རྒྱུར་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང“གཙོ་རྐང་གཅིག་དང་གསར་བསྒྱུར་ཆེན་པོ་གསུམ”སོགས་ཀྱི་རྩ་དོན་དང་ཁ་ཕྱོགས་གལ་ཆེན་བཏོན་ཡོད།
         ད་ཐེངས་ཀྲུང་དབྱང་གིས་མ་ལག་དྲུག་དང་སྒྲིག་སྲོལ་གཅིག་འཛུགས་དགོས་པ་ཁ་གསལ་བཏོན་ནས་་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་གཏོད་པའི“ལམ་ཐིག་དཔེ་རིས”འཆར་འགོད་བྱས་ཡོད། དེའི་ནང་གསར་གཏོད་སྣེ་ཁྲིད་དང་མཐུན་སྦྱོར་འཕེལ་རྒྱས་ཀྱི་ཐོན་ལས་མ་ལག་དང་། གཅིག་གྱུར་སྒོ་དབྱེ་དང་འགྲན་རྩོད་གོ་རིམ་ལྡན་པའི་ཁྲོམ་རའི་མ་ལག ཕན་འབྲས་མངོན་པ་དང་གཞུང་དྲང་ལ་སྐུལ་འདེད་ཀྱི་ཡོང་འབབ་བགོ་བཤའི་མ་ལག ལེགས་ཆ་མངོན་ལ་མཐུན་སྦྱོར་མཉམ་འགུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་འཕེལ་རྒྱས་མ་ལག ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་འཕྲོད་མཐུན་ཅན་གྱི་ལྗང་མདོག་འཕེལ་རྒྱས་ཀྱི་མ་ལག སྣ་མང་དོ་སྙོམས་དང་བདེ་འཇགས་ནུས་ཆེའི་ཕྱོགས་ཡོངས་སྒོ་དབྱེའི་མ་ལག ཁྲོམ་རའི་ནུས་པ་འདོན་སྤེལ་གང་ལེགས་དང་སྲིད་གཞུང་གི་ནུས་པ་སྔར་བས་འདོན་སྤེལ་གྱི་དཔལ་འབྱོར་སྒྲིག་སྲོལ་བཅས་འཛུགས་རྒྱུ་ཚུད་ཡོད།
         “དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་ཐད་ཀྱི་ཀྲུང་དབྱང་གི་རྣམ་བཤད་གལ་ཆེན་གྱིས་མ་ལག་གི་དགོངས་པ་དང་འཐབ་ཇུས་ཀྱི་དགོངས་པ་གསལ་པོ་མངོན་ནས་གོམ་སྟབས་རྗེས་མའི་ལས་དོན་ལ་ཁ་ཕྱོགས་གསལ་སྟོན་གནང་ཡོད། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་ལ་ལྷུ་ཚིགས་མང་པོ་དང་། རིམ་པ་མང་པོ། ཁྱབ་ཁོངས་མང་པོ་བཅས་དང་འབྲེལ་བ་ཡོད་པས་ངེས་པར་དུ་དཀྱུས་གཅིག་ཏུ་འབྲེལ་བའི་གོང་བུ་ལྟ་བུར་བརྩིས་ནས་སྤྱི་འདོམས་སྐུལ་འདེད་གཏོང་དགོས”ཞེས་རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཐོན་ལས་དཔལ་འབྱོར་པུའི་ཞིབ་འཇུག་ཁང་གི་ཀྲུའུ་རེན་ཞུས་ཀྲའོ་ཡོན་གྱིས་བཤད།
         རིགས་གཅིག་མཁས་ཅན་གྱིས་ངོས་འཛིན་བྱས་དོན། ད་ཐེངས་ཀྲུང་དབྱང་གིས་དངོས་ཚན་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ་དང་། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་མགྱོགས་མྱུར་ལག་ལེན་བསྟར་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུ། སྒོ་དབྱེ་རྣམ་པའི་དཔལ་འབྱོར་འཕེལ་རྒྱས་ཧུར་ཐག་གཏོང་རྒྱུ། དཔལ་འབྱོར་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་བཅས་གཙོ་གནད་ཁག་ལྔ་ཁ་གསལ་བཟོས་ཡོད་པ་རེད།
         དངོས་ཚན་དཔལ་འབྱོར་ནི་རྒྱལ་ཁབ་སྟོབས་ཆེན་གྱི་འབྱུང་རྩ་དང་དམངས་ཕྱུག་གི་རྨང་གཞི་ལྟ་བུ་ཡིན། རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཝང་དབྱི་མིང་གིས་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་གཏོད་པར་ངེས་པར་དུ་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཤུགས་རྒྱག་གཞི་དེ་དངོས་ཚན་དཔལ་འབྱོར་ཐོག་བཞག་ནས་མཁོ་སྤྲོད་མ་ལག་གི་སྤུས་ཚད་ལེགས་སུ་གཏོང་རྒྱུ་གཙོ་རྒོལ་ཁ་ཕྱོགས་སུ་བརྩི་དགོས། སྟོབས་ལྡན་རྒྱལ་ཁབ་མགྱོགས་མྱུར་བསྐྲུན་ནས་དྲ་སྦྲེལ་དང་། གྲངས་གཞི་ཆེ་མོ། མིས་བཟོས་རིག་ནུས་བཅས་དང་དངོས་ཚན་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་བཏང་སྟེ་དངོས་ཚན་སྟོབས་ཆེན་དང་ལེགས་པོ་ཞིག་བསྐྲུན་དགོས་ཞེས་བཤད།
         སྒོ་དབྱེ་རྣམ་པའི་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུའི་ཐད་ཀྲུང་གོའི་རྒྱལ་སྤྱིའི་དཔལ་འབྱོར་སྤེལ་རེས་ལྟེ་གནས་ཀྱི་དབུ་བཞུགས་ཞིབ་འཇུག་པ་ཀྲང་ཡན་ཧྲེང་གིས“རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་འོག་གི་རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་བཏང་བ་བརྒྱུད། རྒྱལ་སྤྱིའི་ཐོན་ནུས་མཉམ་ལས་ལ་བརྟེན་ནས་འཛམ་གླིང་དཔལ་འབྱོར་སླར་ཡང་དོ་སྙོམས་ཡོང་བར་སྐུལ་འདེད་བཏང་བ་དང་སྦྲགས། རྒྱལ་སྤྱིའི་འགྲན་ནུས་ནང་ཧུར་ཐག་ཞུགས་ཏེ་ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་དང་ལམ་ལུགས་གསར་གཏོད་མགྱོགས་མྱུར་བྱས་ཏེ་ཕྱོགས་ཡོངས་སྒོ་དབྱེའི་རྣམ་པ་གསར་པ་ཞིག་ཆགས་རྒྱུར་སྐུལ་འདེད་གཏོང་དགོས་པའི་ངོས་འཛིན་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།