འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་ནོར་སྲིད་ཀྱིས་ས་རྒོད་གསར་སྦོལ་ཐོན་ལས་འཕེལ་རྒྱས་ཀྱི་ཐེབས་རྩ་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་03ཉིན། 13:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱ་རྒྱུའི་སྐོར་གྱི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་ཆེད། 《ས་རྒོད་གསར་སྦོལ་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྔར་བས་སྐུལ་མ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར་》སོགས་འབྲེལ་ཡོད་བླང་བྱ་གཞིར་བཟུང་། ནོར་སྲིད་པུས་སྣེ་འཁྲིད་དེ་ཀྲུང་གོའི་ས་རྒོད་གསར་སྦོལ་ཐོན་ལས་འཕེལ་རྒྱས་ཐེབས་རྩ་གྲབས་འཛུགས་བྱས་པ་རེད། ས་རྒོད་གསར་སྦོལ་ཐེབས་རྩའི་འཆར་འགོད་གཞི་ཁྱོན་སྒོར་དུང་ཕྱུར་500ཙམ་ཡིན་པ་དང་ཐོག་མའི་གཞི་ཁྱོན་སྒོར་དུང་ཕྱུར་100ཡིན་པའི་ཁྲོད་ཀྲུང་དབྱང་ནོར་སྲིད་ཀྱི་མ་དངུལ་སྒོར་དུང་ཕྱུར་20དང་སྤྱི་ཚོགས་ཀྱི་མ་རྩ་གཞན་དག་སྒོར་དུང་ཕྱུར་80ཡོད་པ་རེད།
         ནོར་སྲིད་པུའི་འབྲེལ་ཡོད་འགན་ཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། 2017ལོ་ཚུན་དུ། ནོར་སྲིད་པུས་ས་རྒོད་གསར་སྦོལ་ཐེབས་རྩ་འཛུགས་རྒྱུར་དམིགས་ནས་ལས་དོན་འབོར་ཆེན་བསྒྲུབས་ནས་ཟླ་11པར་ཐེབས་རྩའི་མ་དངུལ་འདོན་མཁན་ཁག་གིས་ས་རྒོད་གསར་སྦོལ་ཐེབས་རྩའི་ཚད་ཡོད་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་དེ་ས་རྒོད་གསར་སྦོལ་ཐེབས་རྩ་དངོས་སུ་བཙུགས་པ་རེད། 2017ལོའི་ཟླ་12པའི་ཟླ་མཇུག་ཏུ། ནོར་སྲིད་པུས་ཀྲུང་དབྱང་ནོར་སྲིད་ཀྱི་མ་དངུལ་སྒོར་དུང་ཕྱུར་20བཏང་བ་དང་མ་དངུལ་འདོན་མཁན་གཞན་དག་གིས་གཅིག་མཇུག་གཉིས་མཐུད་ངང་མ་དངུལ་ཐོ་འགོད་བྱེད་བཞིན་ཡོད་པ་རེད།
         འགན་ཁུར་བ་དེས་ནོར་སྲིད་པུས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ས་རྒོད་གསར་སྦོལ་ཐེབས་རྩ་འཁོར་རྒྱུག་གི་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ནོར་སྲིད་མ་དངུལ་གྱི་འདེགས་ཤིང་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་གསོག་འཇོག་མ་དངུལ་གང་འགབ་ཅི་སྤྱོད་ཀྱིས་སྤྱི་ཚོགས་ཀྱི་མ་དངུལ་ས་རྒོད་གསར་སྦོལ་ཁེ་ལས་ནང་འཇོག་རྒྱུའི་ཡིད་དབང་བཀུག་སྟེ་ས་རྒོད་གསར་སྦོལ་ཁུལ་གྱི་ཞིང་ལས་ཐོན་རྫས་གཙོ་བོའི་ཐོན་སྐྱེད་དང་། ལས་སྣོན། འཁོར་རྒྱུག་བཅས་བསྡུ་སྒྲིལ་གྱིས་ཐོན་ཁུངས་བཀོད་སྒྲིག་ཡག་པོ་བྱ་རྒྱུར་སྐུལ་མ་གཏོང་བ་དང་། སྤུས་ཚད་ལ་བརྟེན་ནས་ཞིང་དར་དང་། ཞིང་ལས་དང་གྲོང་གསེབ་ལྗང་མདོག་འཕེལ་རྒྱས། ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་བཅས་ལ་སྐུལ་མ་གཏོང་བ། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་མ་གཏོང་བ་བཅས་བྱས་ནས་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ལྡན་པའི་ཁེ་ལས་ཆེ་གྲས་དང་ཚོགས་པ་ཆེ་གྲས་སྐྱེད་སྲིང་བྱས་ཏེ་ས་རྒོད་གསར་སྦོལ་གྱིས་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་མ་གཏོང་བ་དང་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་བྱེད་པའི་ཁྲོད་ཀྱི་རྐང་འཛིན་ནུས་པ་འདོན་སྤེལ་གང་ལེགས་ཐུབ་རྒྱུ་རེད་ཅེས་བཤད། 
      

    ཕྱོགས་བསྡུས་གསར་འགྱུར།