མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་ལ་འདེམས་ཤོག་ཆ་ཚང་ཐོབ་ནས་བདམས་ཐོན་བྱུང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་01ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་30ཉིན་གྱི་ཕྱི་དྲོ། འཚོག་བཞིན་པའི་ནང་སོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོར་མི་སེམས་འགུལ་བའི་གནས་ཚུལ་ཐོན་པ་སྟེ། ཚོགས་ཆེན་ཐོག་ཀྲུང་དབྱང་ནས་མིང་འདོན་བྱས་པའི་འཐུས་མིའི་འོས་སྒུག་མི་སྣ་བློ་མཐུན་ཞི་ཅིན་ཕིང་ལ་འདེམས་ཤོག་ཆ་ཚང་ཐོབ་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་འཐུས་མིར་བདམས་ཐོན་བྱུང་བའི་ཁྱབ་བསྒྲགས་བྱས་པ་རེད།
         ནང་སོག་རང་སྐྱོང་ལྗོངས་ཀྱི་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོས་དེ་ཉིན་ཕྱི་དྲོ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་པ་དང་། ཚོགས་འདུའི་ཐོག་ནང་སོག་རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་འཐུས་མི་58བདམས་ཐོན་བྱུང་ཡོད། ཚོགས་ཆེན་ཐོག་བློ་མཐུན་ཞི་ཅིན་ཕིང་ལ་འདེམས་ཤོག་ཆ་ཚང་ཐོབ་ནས་བདམས་ཐོན་བྱུང་བའི་ཁྱབ་བསྒྲགས་བྱེད་སྐབས་ཚོགས་ར་ཡོངས་སུ་ཐལ་མོའི་རྡེབ་སྒྲ་གྲགས་པ་རེད།
         “མི་དམངས་ཀྱི་འཐུས་མི་མི་དམངས་ཀྱིས་འདེམས་པ་དང་། མི་དམངས་ཀྱི་གཙོ་འཛིན་ལ་མི་དམངས་དགའ”འཐུས་མི་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ནང་སོག་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཕྱུག་པོ་ཆགས་པ་ནས་སྟོབས་ཆེན་དུ་འགྱུར་བའི་བར་གྱི་ལོ་རྒྱུས་ཀྱི་རླབས་ཆེན་འཕེལ་རིམ་བརྒྱུད་བཞིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འདེམས་ཤོག་ཆ་ཚང་ཐོབ་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་བདམས་ཐོན་བྱུང་བ་ནི་ནང་སོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་500ལྷག་ཙམ་གྱི་ཐུན་མོང་འདོད་འདུན་དང་རྩྭ་ཐང་གི་བུ་ཕྲུག་ཁྲི་2500ལྷག་ཙམ་གྱི་སེམས་འདུན་ཡིན་ལ་མི་རིགས་ཁག་གི་མི་དམངས་དུང་ཕྱུར་13ཡིས་ཏང་གི་སྲོག་ཤིང་ལ་ལྷག་བསམ་རྣམ་དག་དང་མི་དམངས་ཀྱི་གཙོ་འཛིན་ལ་བརྩི་བཀུར་ཞུ་བའི་མཚོན་ཚུལ་གསོན་ཉམས་དོད་པོ་ཞིག་དེ་བས་ཀྱང་རེད་ཅེས་གཅིག་རྗེས་གཉིས་མཐུད་ངང་བཤད།
         “སྤྱི་ཁྱབ་ཧྲུའུ་ཅི་ནང་སོག་ཏུ་འདེམས་བསྐོར་ཞུགས་པར་ཕེབས་པའི་གནས་ཚུལ་གོ་རྗེས་ང་ཚོ་དགའ་སྤྲོ་དཔག་མེད་སྐྱེས་བྱུང་། དེ་ནི་ནང་སོག་མི་རིགས་ཁག་གི་མང་ཚོགས་ཀྱི་བླ་ན་མེད་པའི་གཟི་བརྗིད་ཅིག་དང་ཏང་ཀྲུང་དབྱང་གིས་ནང་སོག་གི་ལས་བྱེད་མང་ཚོགས་ལ་ཡིད་ཆེས་ཆེན་པོ་གནང་བ་ཞིག་ཡིན་ལ་རྒྱ་ཆེའི་མཐའ་མཚམས་མི་རིགས་ས་ཁུལ་ལ་ཐུགས་ཁུར་ཟབ་མོ་དང་ལྕག་སྐུལ་ཆེན་པོ་གནང་བ་ཞིག་ཀྱང་རེད”ཅེས་འཐུས་མི་ཚོས་བཤད་ཅིང་། ཁོང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ད་ཐེངས་མཐའ་མཚམས་མི་རིགས་ས་ཁུལ་དུ་འདེམས་བསྐོར་ཞུགས་པ་དེ་ཐོག་ནས་ཏང་ཀྲུང་དབྱང་གི་སྤྱོད་ཚུལ་གྱི་སྣང་བརྙན་གསར་པ་ཞིག་མངོན་ཏེ་མི་དམངས་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པ་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་དང་ལེགས་སུ་གཏོང་བ་དང་དེ་བཞིན་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་པ། དབུལ་སྒྲོལ་འགག་སྒྲོལ་དང“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལག་བསྟར་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བཤད། 
         2014ལོའི་ཟླ་1པོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནང་སོག་རང་སྐྱོང་ལྗོངས་སུ་རྟོག་ཞིབ་གནང་སྐབས་ཀྱི་གནས་ཚུལ་དྲན་གསོ་བྱེད་སྐབས། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཧུའུ་ལུན་པེར་གྱི་སོག་རིགས་འབྲོག་པ་ཧུང་ཡུས་ཀྱིས་བརྩེ་བ་ཟབ་མོས“སྤྱི་ཁྱབ་ཧྲུའུ་ཅིས་གྲང་ངད་ལ་མ་འཛེམ་པར་རྩྭ་ཐང་དུ་འབྲོག་པར་གཟིགས་པར་ཕེབས་ནས་དཀའ་ངལ་ཡོད་པའི་མང་ཚོགས་ལ་འཚམས་འདྲི་གནང་སྟེ་ཐོག་མཐའ་བར་གསུམ་དུ་ང་ཚོ་མི་སེར་དང་སེམས་པ་གཅིག་ཏུ་བསྒྲིལ་གནང་ཡོད། རྒྱ་ཆེ་བའི་རྩྭ་ཐང་པེ་ཅིང་དང་ས་ཐག་རིང་ཡང་ང་ཚོས་དུས་དང་རྣམ་པ་ཀུན་ཏུ་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅིས་གནང་བའི་དྲོ་སྐྱིད་དང་ཐུགས་ཁུར་ཚོར་གྱི་འདུག”ཅེས་བཤད།
         ནང་སོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ཤིང་ཨན་མོང་ཐུའུ་ཆོན་རྫོང་ཧོ་ཧྥུང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སུན་མིང་གིས“སྤྱི་ཁྱབ་ཧྲུའུ་ཅིར་འདེམས་ཤོག་ཆ་ཚང་ཐོབ་ནས་བདམས་ཐོན་བྱུང་བ་ཐོས་རྗེས་སེམས་འགུལ་ཆེན་པོ་ཐེབས་བྱུང་། སྤྱི་ཁྱབ་ཧྲུའུ་ཅིས་ནང་སོག་ལ་མེས་རྒྱལ་བྱང་ཕྱོགས་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བསྐྲུན་དགོས་པའི་བླང་བྱ་བཏོན་གནང་ཡོད། ང་ཚོས་མངགས་བཅོལ་ཟབ་མོ་སེམས་ལ་བརྟན་པོར་ངེས་ནས་རི་ཀླུང་ཡག་པོ་སྲུང་བ་དང་། ནགས་ཚལ་ཡག་པོ་སྐྱོང་བ། ལྗོན་ཤིང་ཡག་པོ་འཛུགས་པ་བཅས་ཀྱིས་བུ་རབས་ཚ་རྒྱུད་ལ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཤིག་བསྐྲུན་པ་དང་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པ་སྐྱེལ་གྱི་ཡིན”ཞེས་བཤད།
         ན་ནིང་ཟླ་11པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཨུ་ལན་མུའུ་ཆི་འཁྲབ་སྟོན་རུ་ཁག་གི་རུ་མིར་གནང་བའི་འཕྲིན་ལན་སྐོར་གླེང་སྐབས། ཨུ་ལན་ཁྲ་པུའུ་གྲོང་ཁྱེར་གྱི་ཟློས་གར་འཁྲབ་སྟོན་པ་འཐུས་མི་ཐུའུ་ཡ་དགའ་སྤྲོ་བསྐུམས་མ་ཐུབ་པར“སྤྱི་ཁྱབ་ཧྲུའུ་ཅིས་ཨུ་ལན་མུའུ་ཆིའི་རུ་མི་ཚོར་ནམ་ཡང་རྩྭ་ཐང་སྟེང་གི‘གསར་བརྗེའི་རིག་རྩལ་རྟ་དམག’ཅིག་བྱེད་པའི་སྐུལ་ལྕག་གནང་བ་དེ་ནི་ང་ཚོར་ལྕག་སྐུལ་དང་སྐུལ་འདེབས་ཆེན་པོ་གནང་བ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅིའི་ལྕག་སྐུལ་ཡོད་པས་ང་ཚོས་དུས་རབས་གསར་པའི་རིག་རྩལ་ལས་དོན་ཡག་པོ་བསྒྲུབས་ནས་རྒྱ་ཆེའི་མང་ཚོགས་ལ་ཏང་གི་གསུང་སྒྲ་དང་ཐུགས་ཁུར་བརྒྱུད་བསྒྲགས་བྱ་རྒྱུ་ཡིན”ཞེས་བཤད།
         དུས་རབས་གསར་པར་སླེབས་པས་ནང་སོག་དབུལ་སྒྲོལ་འགག་སྒྲོལ་དང་། ཕྱོགས་སྒྱུར་རིམ་སྤོར། ལྗང་མདོག་འཕེལ་རྒྱས་བཅས་ཀྱི་རྒྱང་སྐྱོད་ལམ་བུ་གསར་པར་བསྐྱོད་འགོ་བཙུགས་ཡོད། འཐུས་མི་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནང་སོག་ཏུ་འདེམས་བསྐོར་ཞུགས་པ་མ་ཟད་འདེམས་ཤོག་ཆ་ཚང་ཐོབ་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་བདམས་ཐོན་བྱུང་བའི་གཏམ་བཟང་འཁྱེར་ཏེ་རྒྱ་ཆེའི་ལས་བྱེད་མང་ཚོགས་ལ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པར་སྐུལ་ལྕག་གཏོང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ། “འདུ་ཤེས་བཞི”བརྟན་པོ་འཛུགས་པ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ། མི་རིགས་ཁག་སོ་སྲུང་རོགས་རེས་དང་མཐུན་སྒྲིལ་ཡར་ཐོན་གྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་བཅས་ཀྱི་སྒོ་ནས“མཛེས་སྡུག་ལྡན་པའི་ནང་སོག་འཛུགས་སྐྲུན་དང་ཐུན་མོང་ཐོག་ཀྲུང་གོའི་ཕུགས་འདུན་འགྲུབ་པའི”ཆེད་འབད་བརྩོན་ཧུར་ཐག་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།