འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རྒྱ་ཁྱིམ་ཚང་གཅིག་ལྟར་བརྩེ། བཀའ་དྲིན་མཚོ་མོ་ལས་ཀྱང་ཟབ།

    —— མཚོ་སྔོན་གྱི་བོད་མི་ཞིག་གིས་ལོ་57རྗེས་ཧོ་པེར་དྲིན་ཅན་ཐུག་པར་བསྐྱོད་པའི་སྐོར།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་01ཉིན། 10:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་25ཉིན་གྱི་ཕྱི་དྲོ། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་གྲོག་ཁ་གྲོང་ཚོར་དེ་སྔ་ལས་ཀ་བྱེད་པར་བསྐྱོད་པའི་རྒྱ་རིགས་ཤིག་སྟེ། ཧོ་པེ་ཞིང་ཆེན་ཤིང་ཐའེ་གྲོང་ཁྱེར་གྱི་ལས་བྲལ་ཞུས་པའི་ལས་བྱེད་པ་ཀྲའོ་ཅིང་ཁྲེན་དང་གྲོག་ཁ་གྲོང་ཚོའི་གྲོང་མི་བོད་རིགས་སྤུན་ཟླ་ཁྲུང་གཡུ་ལེ་གཉིས་ཕན་ཚུན་ལག་པ་དམ་པོར་འཇུས་ཤིང་མིག་ནས་མཆི་མ་ལྷུང་ལྷུང་དུ་འབབ། ཁྲུང་གཡུ་ལེས“གཅེན་པོ། ལོ་57སོང་རྗེས་ཁྱེད་རང་གཞི་ནས་ཐུག་སོང”ཞེས་བཤད།
         ཆེད་མངགས་མཚོ་སྔོན་ནས་སྤྱི་ལེ་2000ཙམ་གྱི་འགྲུལ་བཞུད་ཀྱི་ངལ་བ་ཁྱད་དུ་བསད་དེ་ལོ་75ལ་སླེབས་པའི་ཁྲུང་གཡུ་ལེ་དང་གཉེན་ཉེ་བཞི་པོ་ཤིང་ཐའེ་གྲོང་ཁྱེར་དུ་གནས་པའི་ལོ་86ལ་སླེབས་པའི་ཀྲའོ་ཅིང་ཁྲེན་གྱི་ཁྱིམ་དུ་བསྐྱོད། ཇ་བླུག་པ་དང་ཤིང་ཏོག་བཀྱག་པ་སོགས་བྱེད་སྐབས་ཁོང་གཉིས་པོའི་ལག་པ་ད་དུང་དམ་པོར་བཟུང་ནས་ཡོད།
         1960ལོ་ནི་གྲོག་ཁ་གྲོང་ཚོ་དཀའ་ངལ་ཆེ་ཤོས་ཀྱི་སྐབས་ཡིན་ཞིང་། སྐབས་དེ་དུས་མཚོ་སྔོན་དུ་ལས་ཀ་བྱེད་བཞིན་པ་དང་ལོ་28ལ་སོན་པའི་ཀྲའོ་ཅིང་ཁྲེན་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡི་མངགས་གཏོང་ལྟར་ཚ་རྔ་འགག་ཉེ་འགྲམ་གྱི་གྲོག་ཁ་གྲོང་ཚོར་ལས་ཀ་བྱེད་པར་བསྐྱོད།
         གྲོང་ཚོ་དེར་འབྱོར་མ་ཐག་པའི་སྐབས་དམག་དཔུང་ལ་ཞུགས་མྱོང་བའི་ཀྲའོ་ཅིང་ཁྲེན་དེ་ཙམ་མ་འཕྲོད་ནའང་། འོན་ཀྱང་མགྱོགས་ནས་མྱུར་དུ་ཁོང་དེ་གའི་འཚོ་བར་གོམས། ཀྲའོ་ཅིང་ཁྲེན་གྱིས་ཡུལ་མི་སྤུན་ཟླ་ཚོའི་སྣེ་ཁྲིད་དེ་ཞིང་ལས་ཐོན་སྐྱེད་ལ་ཞུགས་ནས་ཐོན་སྐྱེད་བྱེད་འགོ་ཚུགས། ཁོང་དང་མཉམ་དུ་ད་དུང་བཟའ་ཟླ་ལི་ཕིང་གཡོད་ཡོད་ཅིང་། གྲོང་གསེབ་ཀྱི་དགེ་རྒན་ཞིག་ཡིན་པའི་ཁོང་གིས་གྲོང་ཚོ་དེར་སློབ་ཁྲིད་བྱས་ནས་བསྡད། ཁྱོ་ཤུག་གཉིས་པོས་རྨ་ཆུའི་འགྲམ་གྱི་ས་སེར་མཐོ་སྒང་རང་ཉིད་ཀྱི་ཕ་ཡུལ་ལྟ་བུར་བརྩིས་ནས་དེ་གར་ལོ་2ཙམ་འཚོ་བ་བསྐྱལ།
         “སྐབས་དེ་དུས་ཁྱེད་ཀྱིས་གྲོང་ཚོའི་གཞོན་དར་ཚང་མ་ཁྲིད་དེ་བར་ཐག་སྤྱི་ལེ་200ལྷག་ཙམ་གྱིས་ཆོད་པའི་ཞིང་རར་སྙེ་མ་སྒྲུག་པར་བསྐྱོད་པ་དང་། ལོག་ཡོང་རྗེས་ཁྱེད་ཀྱིས་ཚང་མའི་སྣེ་ཁྲིད་དེ་གྲོ་ཞིབ་བཏགས་ནས་ར་མ་དང་བསྲེས་ཏེ་སྟེར་བས་མི་མང་པོའི་སྲོག་བསྐྱབས་ཡོད”ཅེས་ཁྲུང་གཡུ་ལེས་མྱོང་ཚོར་ཟབ་མོའི་སྒོ་ནས་བཤད་ཅིང་། ཁོང་གིས་སྐབས་དེ་དུས་ཁྱེད་ཀྱི་རོགས་རམ་མེད་ན་ཡུལ་མི་སྤུན་ཟླ་རྣམས་འཚོ་ཐུབ་མིན་མི་ཤེས། ད་ཆ་གྲོང་ཚོ་གནས་སྤོས་བྱས་པ་དང་། གྲོང་ཚོའི་རྒན་རྒོན་མང་པོ་ཞིག་གྲོངས་ཚར་ནའང་ཚང་མས་ཁྱེད་ལ་ཐུགས་རྗེ་ཆེ་ཞུ་སེམས་ཆེན་པོ་འདུག་ཅེས་བཤད།
         “ཡུལ་མི་སྤུན་ཟླ་ཚོས་ངེད་བཟའ་ཚོ་གཉིས་ལ་བརྩེ་བ་ཟབ་མོ་བཅངས་ཡོད་པས་ངེད་གཉིས་ཀྱིས་ཚེ་གང་བརྗེད་མི་སྲིད། མཉམ་དུ་དཀའ་ལས་བརྒྱབ་པའི་ལོ་ཟླ་དེ་དག་ནི་ངེད་བཟའ་ཚོ་གཉིས་པོའི་ཚེ་གང་གི་དྲན་གསོ་རྩ་ཆེ་ཤོས་རེད། ལོ་འདི་དག་རིང་མཚོ་སྔོན་གྱི་གྲོག་ཁ་གྲོང་ཚོ་ངའི་རྨི་ལམ་དུ་ཡང་སེ་རྨིས་ཀྱི་འདུག”ཅེས་ཀྲའོ་ཅིང་ཁྲེན་གྱིས་བཤད།
        ཁྲུང་གཡུ་ལེས་ཡུལ་སྐད་རྣལ་མ་ཞིག་རྒྱག་གིན“སྐབས་དེ་དུས་ང་ཚོས་ད་དུང་གྲོང་ཚོར་མངར་ཤིང་སྔོག་པར་བསྐྱོད་དེ་ཉིན་ཕྱེད་ཙམ་ལ་གཞི་ནས་ཁྲེས་པོ་གཅིག་ལས་རག་གི་མེད་པ་དང་། གྲོད་པ་ལྟོགས་ནས་ཡུར་བུའི་ནང་ཟགས་གྲབས་ཀྱང་བྱེད་མྱོང་། ཐེངས་ཤིག་གྲོ་ནག་བག་ལེབ་ཅིག་ཁྱེད་ཀྱིས་ཟ་མ་ཕོད་པར་ང་ལ་སྟེར། ངས་ཀྱང་ཟ་མ་ཕོད་པར་ཁྱོད་ལ་སྟེར་མྱོང”ཞེས་དྲན་གསོ་བྱས་ཏེ་བཤད།
         གངས་སིམ་སིམ་ཞིག་བབས་རྗེས་དགུན་དུས་ཀྱི་ཤིང་ཐའེ་རུ་གྲང་ངད་ཧ་ཅང་ཆེ་མོད། འོན་ཀྱང་རྒད་པོ་ཀྲའོ་ཅིང་ཁྲེན་གྱི་ཁྱིམ་དུ་དྲོ་སྐྱིད་དང་སྤྲོ་སྣང་གིས་ཁེངས་ཏེ་མི་ཚང་མའི་སེམས་པ་དྲོ་སོབ་སོབ་ཏུ་གྱུར།
        “ད་ཆ་གྲོག་ཁ་གྲོང་ཚོར་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་བ་དང་། གྲོང་མི་ཚོས་འཇིབ་ཆུང་ཉོས་པ་དང་ཁང་པ་ཐོག་བརྩེགས་ཅན་དུ་སྤོས་པ་མ་ཟད་ཡོང་འབབ་ཀྱང་མང་པོ་ཡོད”ཅེས་མཉམ་དུ་ཡོད་པའི་ཁྲུང་གཡུ་ལེའི་བུ་ཁྲུང་ཧྲང་པེའོ་ཡིས་བཤད་ཅིང་། ཁོ་པས“ཡུལ་མི་སྤུན་ཟླ་ཚོས་སྐབས་དེ་དུས་ཨ་ཁུ་ཀྲའོ་ལགས་ཀྱིས་ང་ཚོའི་གྲོང་ཚོར་གནང་བའི་རོགས་རམ་ད་བར་བརྗེད་མེད། གྲོང་ཚོའི་ཡུལ་ཟོག་འདྲེ་ཚེར་མའི་ཁུག་མ་འདི་ཡུལ་མི་སྤུན་ཟླ་ཚོས་བསྐུར་ནས་སྐབས་དེ་དུས་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རོགས་ཟེར་གྱི་འདུག”ཅེས་བརྗོད།
        “1961ལོར་གྲོང་ཚོ་ནས་ཁ་བྲལ་རྗེས་བོད་རིགས་ཀྱི་ཡུལ་མི་སྤུན་ཟླ་ཚོ་དང་ལ་ཀླུང་མང་པོས་ཆོད་ཡོད། བསམ་ཡུལ་ལས་འདས་པ་ཞིག་ལ་དེ་རིང་ང་ཚོ་ཐུག་འཕྲད་བྱུང་བ་ནི་དངོས་གནས་རྨི་ལམ་ལྟ་བུ་ཞིག་བྱུང”ཅེས་ཀྲའོ་ཅིང་ཁྲེན་གྱིས་མྱོང་ཚོར་ཆེན་པོས་བཤད།
         ས་སྲོས་མཚམས་སུ་ལྷན་འཛོམས་གསོལ་སྟོན་བཤམས་ནས་མཉམ་འཛོམས་ཀྱི་དགའ་སྤྲོས་འཁོལ་ཞིང་། ཁྱིམ་ཚང་གཉིས་པོའི་རྒན་གཞོན་རྣམས་གྲལ་དུ་འཁོད་ནས་རོ་མཆོག་མྱོང་བ་དང་སྔ་རྒྱུས་ད་རྒྱུས་ཤོད་བཞིན་དགོད་སྒྲས་ཁེངས་པ་དང་། ཕན་ཚུན་སྨོན་འདུན་ཞུ་བ་དང་ཡུད་ཙམ་ཡང་བྲལ་མི་ཕོད་པར་གྱུར།
      

    ཕྱོགས་བསྡུས་གསར་འགྱུར།