མི་དམངས་དྲ་བ།

༄༅།།ལི་ཁེ་ཆང་གིས་དམངས་གཙོ་ཏང་ཤོག་ཁག་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་ལས་རིགས་
མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་
འཐུས་མིའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་26ཉིན། 16:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་24ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྟེ་དམངས་གཙོ་ཏང་ཤོག་ཁག་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མིས་《སྲིད་གཞུང་གི་ལས་དོན་སྙན་སྒྲོན(བསམ་འཆར་བསྡུ་ལེན་མ་ཟིན)》ལ་བཏོན་པའི་བསམ་འཆར་དང་གྲོས་འགོ་གསན་པ་རེད།
          གཏམ་བཤད་བྱེད་སྐབས་ཚང་མས་འདས་ཟིན་པའི་ལོ་ལྔའི་རིང་རྙོག་འཛིང་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་དུས་བབ་མདུན་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་འགོ་ཁྲིད་འོག་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་སྒྱུར་བྱུང་བ་དང་རྒྱལ་ཁབ་ཀྱི་སྟོབས་ཤུགས་སྐས་རིམ་ཆེན་པོ་ཞིག་ཏུ་སླེབས་ཡོད། ན་ནིང་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྒྱུར་བཅོས་འཕེལ་རྒྱས་ཀྱི་བྱ་གཞག་ཁག་ལ་སྐུལ་སྤེལ་ཏན་ཏིག་བཏང་བས་ལོ་ལྔའི་མཇུག་ལེགས་གྲུབ་ལྡན་པའི་ངང་བསྡུས་ཡོད། གྲུབ་འབྲས་ནི་ལས་སླ་པོར་ཐོབ་པ་ཞིག་མིན་པ་དང་མི་རྣམས་ལ་ལྕག་སྐུལ་ཐེབས་འོས་པ་ཞིག་ཡོད་པའི་ངོས་འཛིན་བྱས་པ་རེད། དེ་དང་ཆབས་ཅིག་ཚོགས་ཞུགས་མི་སྣས་ད་དུང་འདི་ལོའི་སྲིད་གཞུང་གི་ལས་དོན་ཡག་པོ་བསྒྲུབ་རྒྱུར་བསམ་འཆར་དང་གྲོས་འགོ་བཏོན་པ་རེད།
          ལི་ཁེ་ཆང་གིས་དམངས་གཙོ་ཏང་ཤོག་ཁག་དང་། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་དུས་ཡུན་རིང་པོའི་ནང་སྲིད་གཞུང་གི་ལས་དོན་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་། ལོ་ལྔའི་རིང་གི་གྲུབ་འབྲས་ལ་ཚང་མའི་སེམས་ནུས་དང་། བློ་གྲོས། སྟོབས་ཤུགས་བཅས་འདུས་ཡོད་ཅེས་གསུངས། ལི་ཁེ་ཆང་གིས་འདི་ལོ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མུ་མཐུད་ཡག་པོ་རྒྱུན་འཁྱོངས་བྱེད་པར་རྨང་གཞི་བརྟན་པོ་ཡོད་པ་གང་ཞིག་དཀའ་གནད་དང་འགྲན་སློང་ཀྱང་མི་ཉུང་བ་འཕྲད་ཡོད། དེས་ན་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་སྐོང་རྒྱུར་དམིགས་པ། སྒྱུར་བཅོས་སྒོ་དབྱེ་ཟབ་ཏུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། དཔལ་འབྱོར་གྱི་གསར་གཏོད་ནུས་པ་དང་འགྲན་རྩོད་ནུས་པ་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ཡག་པོ་རྒྱག་རྒྱུར་ཤུགས་སྣོན་རྒྱག་པ། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། ཚང་མས་ལེགས་ཆ་འདོན་སྤེལ་བྱས་ཏེ་སྲིད་དོན་སྐྱོང་རོགས་དང་གྲོས་མོལ་ལྟ་སྐུལ་ནང་ཧུར་ཐག་ཞུགས་ཏེ་ང་ཚོ་མཉམ་དུ་དཀའ་སྡུག་མཉམ་མྱོང་དང་ཕྱར་བ་གྲུ་འདེགས་ཀྱིས་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་གཙོ་བོ་ཡག་པོ་བསྒྲུབ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།