འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོ་གཟབ་རྒྱས་
    ངང་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་24ཉིན། 11:35】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    བསྟན་ཁོས་སྲིད་གྲོས་སྐབས་10པའི་ཚབ་ཞུས་ནས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་གནང་བ།
    བསྟན་ཁོས་སྲིད་གྲོས་སྐབས་10པའི་ཚབ་ཞུས་ནས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་གནང་བ།
          རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱི་བཀའ་མངགས་ལྟར། སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་བསྟན་ཁོས་སྲིད་གྲོས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ། 《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན》གནང་ཞིང་། སྙན་སྒྲོན་ནང་ལོ་ལྔའི་རིང་། ཏང་ཀྲུང་དབྱང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་མཛུབ་ཁྲིད་ཞིབ་ཚགས་དང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟབས་ལྡན་གྱི་འགོ་ཁྲིད། ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱི་སྣེ་ཁྲིད་བཅས་ཀྱི་འོག སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྔར་བས་བློ་བརྟན་འགྱུར་མེད་ངང་ཏང་གིས་ཁྱོན་ཡོངས་ལ་འགོ་ཁྲིད་བྱེད་པ་མཐའ་འཁྱོངས་བྱས་པ་དང་། སྔར་བས་བློ་རྩ་བརྟན་པོ་དང་རང་རྟོགས་ངང་ལྗོངས་ཡོངས་ཀྱི་སྲིད་གྲོས་ཀྱི་རྩ་འཛུགས་དང་། སྲིད་གྲོས་ཀྱི་ཐེ་ཞུགས་ཚན་པ། རྒྱ་ཆེའི་ཨུ་ཡོན་བཅས་ལ་རྒྱ་ཁྱབ་ངང་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་པ། ཏང་གི་དར་ཆ་དར་ཆར་བརྩི་བ་དང་། ཏང་གི་ཁ་ཕྱོགས་ཁ་ཕྱོགས་སུ་འཛིན་པ། ཏང་གི་འདོད་བློ་འདོད་བློར་བརྩི་བ་བཅས་བྱས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཞེད་དགོངས་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་སྲིད་གྲོས་ལས་དོན་གྱི་ཕྱོགས་གང་ས་དང་བརྒྱུད་རིམ་ཧྲིལ་པོར་ལག་བསྟར་དོན་འཁྱོལ་བྱས་པར་བརྟེན་རྒྱལ་གཅེས་རིང་ལུགས་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་སྒྲེང་ཐུབ་པ་མ་ཟད། མཐུན་སྒྲིལ་དང་དམངས་གཙོའི་ཐུན་མོང་མིན་པའི་རིན་ཐང་དང་ཁྱད་ལྡན་ལེགས་ཆ་རྣམས་མངོན་ཐུབ་ནས་གསར་གཏོད་དང་ལག་ལེན་བྱེད་རིང་བོད་ཀྱི་སྲིད་གྲོས་ཀྱི་བྱ་གཞག་ལ་གོང་འཕེལ་གསར་པ་དང་། ཚད་བརྒལ་གསར་པ། རྣམ་པ་གསར་གཏོད་བཅས་ཡོད་ཅེས་འཁོད་ཡོད། 
         སྙན་སྒྲོན་ནང་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་པོར་བསྲུངས་ཏེ་ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་བཏང་བ་དང་། ལམ་ལུགས་ཅན་དང་། ཚད་ལྡན་ཅན། བརྒྱུད་རིམ་ཅན་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་གྲོས་མོལ་དམངས་གཙོའི་སྒྲིག་སྲོལ་དང་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བ། མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོའི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་གཙོ་བོའི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་བཏང་བ། སྲིད་གྲོས་ཀྱི་ཨུ་ཡོན་དང་སྲིད་གྲོས་ཀྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་དམ་འཛིན་ནན་པོ་བྱས་ཏེ་སྲིད་གྲོས་རྩ་འཛུགས་ཀྱི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་བཏང་བ། ཆབ་སྲིད་ཀྱི་འགན་འཁྲི་ཨང་དང་པོ་བསྒྲུབས་ཏེ་བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། རྒྱལ་ཁབ་བདེ་འཇགས་བཅས་ལ་སྲུང་སྐྱོང་བྱས་པ། ལྟེ་བའི་ལས་འགན་ལ་དམ་པོར་དམིགས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས་ལ་སྐུལ་འདེད་བཏང་བ། རང་བྱུང་ལ་བརྩི་འཇོག་དང་། རང་བྱུང་ལ་བསྟུན་པ། རང་བྱུང་ལ་སྲུང་སྐྱོབ་བཅས་བྱས་ཏེ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་རོགས་འདེགས་བྱས་པ། སྲིད་གྲོས་ཀྱི་ངོ་བོའི་ངེས་གནས་ཁོང་དུ་ཆུད་པར་བྱས་ཏེ་སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ། སྤྱི་ཡོངས་མཉམ་སྒུལ་རྒྱུན་འཁྱོངས་བྱས་ཏེ་སྲིད་གྲོས་ཀྱི་རྒྱུན་གཏན་རང་བཞིན་གྱི་ལས་དོན་ཡག་པོ་བསྒྲུབས་པ་སོགས་ཕྱོགས་དགུ་ཡི་ཐད་ནས་ལོ་ལྔའི་རིང་གི་སྲིད་གྲོས་ལས་དོན་ལ་ཕྱོགས་སྡོམ་དང་ཕྱིར་དྲན་བྱས་ཡོད། དེ་དང་ཆབས་ཅིག་གཙོ་འཛིན་ལ་གོང་བཀུར་དང་སྲོག་ཤིང་ལ་ལྷག་བསམ་རྣམ་དག་ཞུ་བ་དང་ཆབས་ཅིག ཏང་གིས་སྲིད་གྲོས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པ་མཐའ་འཁྱོངས་བྱས་ཏེ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་སྟངས་འཛིན་བྱེད་པའི་ཐད་རང་རྟོགས་གསར་པ་སྲ་བརྟན་དུ་གཏོང་བ་དང་། འགན་འཁྲི་གཙོ་བོ་དང་བྱ་གཞག་གཙོ་བོར་ཐོག་མཐའ་བར་གསུམ་དུ་དམིགས་ཏེ་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ལ་རོགས་འདེགས་བྱེད་པའི་ཐད་བྱ་སྤྱོད་གསར་པ་མངོན་པར་བྱ་རྒྱུ། ངོ་བོའི་ངེས་གནས་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ་སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོ་འཛུགས་སྐྱོང་ཐད་འཕེལ་རྒྱས་གསར་པ་ཡོང་བར་བྱ་རྒྱུ། སེམས་ནུས་གཅིག་ཏུ་སྒྲིལ་གང་ཐུབ་བྱས་ཏེ་མཐུན་སྒྲིལ་ཆེན་པོ་དང་མཉམ་སྒུལ་ཆེན་པོར་སྐུལ་འདེད་གཏོང་བའི་ཐད་རྣམ་པ་གསར་པ་ཆགས་པར་བྱ་རྒྱུ། རྒྱུན་སྲིང་ལྷོད་མེད་ཀྱིས་འཇོན་ཐང་ཆེ་རུ་བཏང་སྟེ་ཨུ་ཡོན་གྱི་བྱེད་པོའི་ནུས་པ་འདོན་སྤེལ་བྱེད་པའི་ཐད་རྣམ་པ་གསར་པ་མངོན་པར་བྱ་རྒྱུ། རྒྱུན་སྲིང་ལྷོད་མེད་ངང་རྩ་སྲ་རྨང་བརྟན་ཡོང་བར་བྱས་ཏེ་སྲིད་གྲོས་ཀྱི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཐད་གཟུགས་བརྙན་གསར་པ་གཏོད་རྒྱུ་སོགས་ཕྱོགས་དྲུག་ནས་2018ལོའི་སྲིད་གྲོས་ཀྱི་ལས་དོན་བཀོད་སྒྲིག་བྱས་པ་རེད། 
         སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཀའོ་དབྱང་གིས་སྲིད་གྲོས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ། 《གྲོས་གཞིའི་ལས་དོན་གནས་ཚུལ་སྐོར་གྱི་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན་》གནང་ཞིང་། སྙན་སྒྲོན་ནང་ལྗོངས་སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ཐེངས་དང་པོ་འཚོགས་ཚུན། རྒྱ་ཆེའི་ཨུ་ཡོན་དང་སྲིད་གྲོས་ཀྱི་ཐེ་ཞུགས་ཚན་པ་དང་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱེད་པ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དགོངས་དོན་དང་སྲིད་གྲོས་ལས་དོན་སྐོར་གྱི་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། རང་ལྗོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་གནད་དོན་གལ་ཆེན་དང་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ལ་དམིགས་པ་བཅས་ཀྱིས་གྲོས་གཞི་2405བཏོན་པ་དང་ཞིབ་བཤེར་བྱས་པ་བརྒྱུད་གྲོས་གཞི་2347གྲོས་ཁོངས་སུ་བཅུག་ཡོད། 2017ལོའི་ལོ་མཇུག་བར། གྲོས་གཞི་ཚང་མ་གཉེར་སྒྲུབ་ལན་འདེབས་ཟིན་པ་དང་གཉེར་སྒྲུབ་ལན་འདེབས་བྱེད་ཚད་100%ཟིན་པའི་ནང་བཏོན་པའི་གནད་དོན་ཐག་གཅོད་བྱས་ཟིན་པའམ་ཡང་ན་དང་ལེན་བྱས་པའི་བསམ་འཆར་དང་གྲོས་འགོ་1216ཡོད་པ་དེས་52%བཟུང་བ་དང་། ཐག་གཅོད་བྱེད་རྩིས་ཡོད་པའམ་ཡང་ན་དང་ལེན་བྱེད་རྩིས་ཡོད་པའི་གྲོས་གཞི་666ཡོད་པ་དེས་28%བཟུང་བ། ཆ་རྐྱེན་མ་འཛོམས་པར་གནས་སྐབས་ཐག་གཅོད་བྱེད་དཀའ་བའམ་ཡང་ན་དཔྱད་གཞིར་ཉར་བ་དང་དེ་བཞིན་གྲོས་གཞི་གཞན་དག་465ཡོད་པ་དེས་20%བཟུང་ཡོད་ཅེས་འཁོད་ཡོད།
         ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་མཁན་གྲས་སུ་ད་དུང་རྡོ་ཐོགས་དང་། སྐར་མ། ཀྲོའུ་ཁྲུན་ལའེ། བསྟན་འཛིན་རྣམ་རྒྱལ། ཤིང་རྩ་བསྟན་འཛིན་ཆོས་གྲགས། འོད་ཟེར། ཞུས་ཞུའེ་ཀོང་། ཅུས་ཅན་ཧྭ། ལི་ཝུན་ཧན། ཉི་མ་ཚེ་རིང་། ཀྲང་ཞའོ་ཧྭ། ཅི་གོ་ཀང་། ལྕགས་རྭ་བློ་བཟང་བསྟན་འཛིན། མོང་ཏེ་ལི། བདེ་སྐྱིད། རྡོ་རྗེ་ཚེ་གྲུབ། རྒྱལ་མཚན། འཆི་མེད་རིག་འཛིན། ཝང་ཧའེ་ཀྲོའུ། ཧྲི་མོའུ་ཅུན། ཀྲང་ཡུང་ཙེ། ཀྲང་ཡན་ཆིང་སོགས་ཡོད་པ་རེད།
         གདན་ཞུས་ལྟར་ད་རེས་ཀྱི་ཚོགས་འདུར་ཕེབས་པའི་གྲས་སུ། བོད་དུ་བཞུགས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་མིན་པའི་ལྗོངས་སྲིད་གྲོས་སྐབས་བཅུ་པའི་དྲུང་ཆེ་གཞོན་པ། ལྗོངས་ཏང་ཨུད་རྩ་འཛུགས་པུའུ་དང་། འཐབ་ཕྱོགས་གཅིག་གྱུར་པུའུ། ལྗོངས་སྤྱི་ཁྱབ་བཟོ་ཚོགས། སྡེ་ཚོགས་ལྗོངས་ཨུ་ཡོན་ལྷན་ཁང་། ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས། ལྗོངས་བཟོ་ཚོང་ལྷན་ཚོགས། ལྗོངས་ཚན་རྩལ་མཐུན་ཚོགས། ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་བཅས་ཀྱི་འགན་འཁུར་བློ་མཐུན། ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་མིན་པའི་གྲོང་ཁྱེར་དང་ས་ཁུལ་ཁག་གི་སྲིད་གྲོས་ཀྱི་ཀྲུའུ་ཞི་དང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བཅས་ཡོད་པ་རེད།
         དེ་དང་ཆབས་ཅིག་ལྷ་སར་བཅའ་སྡོད་ནེ་པ་ལའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གི་ཁེ་སྐྱོང་བ་སྐུ་ཞབས་ཕུའུ་ལུའུ་སུའུ་ཐེ་མུའུ·ཏུང་ཀེའར་སོགས་ཚོགས་འདུར་ཟུར་ཉན་གནང་བར་གདན་དྲངས་ཡོད་པ་རེད།
    【1】  【2】
      

    ཕྱོགས་བསྡུས་གསར་འགྱུར།