འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ས་མཐོའི་གྲོང་ཚོ་དབུལ་པོ་ཞིག་དབུལ་པོའི་གནས་ལས་གྲོལ་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་21ཉིན། 17:42】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ལི་ཐང་རྫོང་ཚོ་གསུམ་ཤང་ལྷ་མགོ་གྲོང་ཚོས་ཉེ་དུས་མཉམ་སྡེབ་དཔལ་འབྱོར་གྱི་ཁེ་སྤོགས་བགོས་པ་རེད། དུད་ཚང་དབུལ་པོ་ཡིན་པའི་རྒྱ་མཚོས་ཁེ་སྤོགས་བགོ་བའི་ཚོགས་ཆེན་ནས་སྒོར་1350བླངས་ཏེ་དགའ་སྤྲོའི་ངང“འདི་ནི་ང་ཚོའི་གྲོང་ཚོའི་འདི་ལོའི་ཁེ་སྤོགས་བགོ་ཐེངས་གསུམ་པ་དེ་ཡིན་པ་དང་། ལོ་མཇུག་ཏུ་རང་ཉིད་ཁྱིམ་ཚང་དབུལ་ཕོངས་ཀྱི་གནས་ལས་གྲོལ་བའི་རེ་བ་འདུག་ལ། གྲོང་ཚོ་ཡོངས་མགྱོགས་མྱུར་དབུལ་སྒྲོལ་ཐུབ་རྒྱུ་རེད་འདུག”ཅེས་བཤད།
         ཆ་སྙོམས་ས་བབ་སྨི་3600ཡོད་པའི་ལྷ་མགོ་གྲོང་ཚོ་འདི་ཉིད་ལི་ཐང་རྫོང་ནས་འདབ་པ་རྫོང་གི་ཉི་བརྟེན་ཕྱོགས་སུ་བསྐྱོད་པའི་སེམས་ཀྱི་ཉི་ཟླའི་ཡུལ་སྐོར་ལམ་ཐིག་ཁུལ་དུ་གནས་ཤིང་། གྲོང་ཚོ་ཡོངས་སུ་དུད་ཚང་50ལྷག་ཙམ་ཡོད་པའི་ཁྲོད་བཅུ་ཆ་གསུམ་ནི་དུད་ཚང་དབུལ་པོ་ཤ་སྟག་རེད། རྒྱ་མཚོའི་ནང་མི་9ཡི་ནང་སློབ་གྲྭར་འགྲོ་མཁན་དང་ནད་པ་ཕུད། ངལ་རྩོལ་ནུས་ཤུགས་ལྡན་པའི་མི་2ལས་མེད་པས་དེ་སྔ་འཚོ་བ་སྐྱོ་པོ་ཡོད།
         2015ལོའི་ཟླ་9པར་དཀར་མཛེས་ཀྲོའུ་ཡུལ་སྐོར་འཕེལ་སྒྱུར་ཨུ་ལྷན་གྱིས་ལྷ་མགོ་གྲོང་ཚོར“ཧྲུའུ་ཅི་དང་པོ”ཀོ་ལིན་མངགས་ཤིང་། བརྟག་དཔྱད་བྱས་པ་བརྒྱུད་ཕྱུག་པོ་ཆགས་འདོད་ན་རང་སོ་སོ་ཁོ་ནར་བརྟེན་ན་འགྲིག་ཐབས་བྲལ་བས། མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་བཏང་ནས་ཐུན་མོང་ཐོག་ཕྱུག་འགྱུར་ཐུབ་པའི་ལམ་བུར་བསྐྱོད་རྒྱུའི་ཐག་བཅད།
         སེམས་ཀྱི་ཉི་ཟླའི་ཡུལ་སྐོར་ལམ་ཐིག་ནི་སི་ཁྲོན་དུ་ཡུལ་སྐོར་དུ་སྐྱོད་པའི“ལམ་ཐིག་ཡག་ཤོས”དེ་ཡིན་པ་རེད། གྲོང་ཚོས་ས་ཁོངས་སྒྲོལ་བའི་ཡུལ་སྐོར་གྱི་གོ་སྐབས་ལ་དམ་འཛིན་བྱས་ནས་གྲོང་ཚོའི་རྣམ་པར་འགྱུར་ལྡོག་བཏང་བ་དང་། གྲོང་མི་སྐུལ་སློང་བྱས་ནས་ལམ་འགྲམ་དང་ཁང་པའི་སྒོ་ར་ལ་སོགས་སུ་རྩི་ཤིང་དང་མེ་ཏོག་བཏབ་པ་རེད། 2016ལོར་གྲོང་ཚོ་ཨུ་ལྷན་གཉིས་ཀྱི་ཁོངས་མིས“ལི་ཐང་རྫོང་ལྷ་མགོའི་མེ་ཏོག་གྲོང་ཚོའི་ཡུལ་སྐོར་ཞབས་ཞུ་ཚད་ཡོད་ཀུང་སི”བཙུགས་པ་དང་ཆབས་ཅིག་མ་དངུལ་སྒོར་ཁྲི་13བཏང་ནས་ཞིང་ཆེན་གྱི་ལམ་217གྱི་ལམ་ཐིག་ཏུ་ཁང་ཕྱིའི་བརྡ་ཆའི་བྱང་བུ་ཆེན་པོ་ཞིག་བཙུགས་ནས་ཚོང་པས་ཚོང་ལས་བརྡ་ཆ་སྦྱོར་ས་བོགས་མར་ལེན་པའི་ཡིད་དབང་བཀུག་པས། ལོ་དེ་རང་དུ་མ་གནས་ལོག་པ་མ་ཟད། ད་དུང་ཁེ་བཟང་སྒོར་ཁྲི་3ལྷག་ཙམ་བྱུང་བ་རེད།
         2017ལོར་ལི་ཐང་རྫོང་སྲིད་གཞུང་དང་། དཀར་མཛེས་ཀྲོའུ་ཡུལ་སྐོར་འཕེལ་སྒྱུར་ཨུ་ལྷན། ཁ་གཏད་བོད་སྐྱོར་བྱེད་མཁན་ཁྲེང་ཏུའུ་ཤིན་ཏུའུ་ཁུལ་དང་ཅིན་ཐང་རྫོང་སོགས་ཀྱི་ཚན་པའི་རྒྱབ་སྐྱོར་འོག་ལྷ་མགོ་གྲོང་ཚོར་དམངས་སྲོལ་སྣེ་ལེན་ཁང་དང་། རྟ་རྒྱུག་ཐང་། སྒོར་གཞས་ཐང་ཆེན་སོགས་བསྐྲུན་ནས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་སྟེ་གྲོང་ཚོའི་ཡོང་འབབ་མང་དུ་བཏང་ཡོད།
         ལྷ་མགོ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་འཇམ་དབྱངས་ཀྱིས་མཉམ་སྡེབ་དཔལ་འབྱོར་ལས་འདི་ལོ་ཁོ་ནར་ཁེ་སྤོགས་ཐེངས་གསུམ་བགོས་པ་དང་། ལོ་སྟོད་དུ་པད་ཁའི་སྣུམ་ལས་དུད་ཚང་རེར་སྒོར་75བགོས་པ་དང་། ཟླ་བཞི་པར་ཁང་ཕྱིའི་བརྡ་ཆ་ལས་བྱུང་བའི་ཁེ་སྤོགས་དེ་ལྕགས་དྲ་ཉོ་བའི་རྣམ་པའི་ཐོག་ནས་དུད་ཚང་རེར་སྒོར་533བགོས་པ། ཟླ་བཅུ་པའི་ཟླ་མཇུག་ཏུ་མེ་ཏོག་ར་བའི་སྤ་སེ་བཙོངས་པ་དང་གྲོང་ཚོའི་མཉམ་སྡེབ་ཀྱི་བརྔ་བསྡུའི་འཕྲུལ་འཁོར་ཕྱིར་གཡར་བ་སོགས་ལས་བྱུང་བའི་ཁེ་སྤོགས་བགོས་པ་རེད། འཇམ་དབྱངས་ཀྱིས“ཁེ་སྤོགས་མང་པོ་བྱུང་བ་ལས་བོད་རིགས་ས་ཁུལ་གྱི་མི་སེར་གྱི་སྙིང་སྟོབས་འཕེལ་ནས་ཐུན་མོང་ཐོག་ཕྱུག་འགྱུར་ཐུབ་ཡོད”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།