འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཧའེ་ཉེ། སྙན་ངག་པ་དང་འཐབ་འཛིང་པ། 

    རེན་ཝུའེ་ཏུང་གིས། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་21ཉིན། 17:36】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཧའེ་ཉེ། སྙན་ངག་པ་དང་འཐབ་འཛིང་པ།
         ཧའེ་ཉེ།
          ཧའེ་དབྱིན་ལི་ཞི·ཧའེ་ཉེ་ཡི་མིང་ཆ་ཚང་ལ་ཁེ་ལི་སི་ཏི་ཨན·གཡོད་ཧན·ཧའེ་དབྱིན་ལི་ཞི·ཧའེ་ཉེ་ཟེར་གྱི་ཡོད། (1797ལོའི་ཟླ་12ཚེས་13ཉིན—1856ལོའི་ཟླ་2ཚེས་17ཉིན) 1797ལོའི་ཟླ་12ཚེས་13ཉིན་འཇར་མན་གྱི་ཏུའུ་སེར་ཏུའོ་ཧྥུའུ་རུ་འཁྲུངས། དུས་རབས་19པའི་འཇར་མན་གྱི་སྙན་ངག་པ་དང་གསར་འགྱུར་ལས་དོན་པ་གཙོ་ཆེ་ཤོས་ཀྱི་གྲས་ཤིག་དང་འཇར་མན་གྱི་བརྩེ་དུང་མཚོན་པའི་གྲགས་ཅན་སྙན་ངག་པ་ཞིག་རེད། ཁོང་ལ“འཇར་མན་གྱི་གནའ་གཞུང་རྩོམ་རིག་གི་འཐུས་མི་མཐའ་མ”ཞེས་འབོད་ཀྱི་ཡོད།
          《སྙན་ངག་ཕྱོགས་སྒྲིག་》(1827ལོ)ལས་ཧའེ་ཉེ་ལ་འཛམ་གླིང་རང་བཞིན་གྱི་སྙན་གྲགས་ཐོབ་པ་དང་དེ་ནི་ཁོང་གི་སྙན་ངག་ཕྱོགས་སྒྲིག་ཐོག་མ་རེད། 《ཧར་ཚེའི་ཡུལ་སྐོར་བརྗེད་ཐོ་》(1826ལོ་ནས་1831ལོ་བར) 《འཇར་མན། དགུན་དུས་ཀྱི་བྱིས་སྒྲུང་ཞིག》(1844ལོ) 《འཆར་ཡན་ལུགས་ཀྱི་སྐོར་གླེང་བ》(1836ལོ) 《ཤིས་ལི་ཤིས་ཡའི་འཐག་གཞས》(1844ལོ) 《ལུ་མན་ཚའེ་ལོ》(1851ལོ)
         མི་སྣ་ངོ་སྤྲོད།
         1797ལོའི་ཟླ་12ཚེས་13ཉིན། ཧའེ་ཉེ་ལའེ་དབྱིན་གཙང་འགྲམ་གྱི་ཏུའུ་སེར་ཏོར་ཕུའུ་ཁུལ་གྱི་ཡཱ་གུ་དཱ་པ་ཚོང་པའི་ཁྱིམ་ཞིག་ཏུ་སྐྱེས། སློབ་འབྲིང་ཐོན་རྗེས་ཧའེ་ཉེས་རང་གི་ཕའི་རེ་བ་ལྟར་དངུལ་ཁང་དུ་ལས་ཀ་ཙག་ཙིག་བྱས། རྗེས་སུ་ཁོ་པའི་འབྱོར་པ་ཅན་གྱི་ཚོང་པ་ཨ་ཁུས་རས་ཚོང་ཁང་ཞིག་བཙུགས་ནས་ཁོ་པ་གཉེར་སྐྱོང་བྱེད་དུ་བཅུག འོན་ཀྱང་ཧའེ་ཉེས་ཚོང་གཉེར་བྱེད་འདོད་མེད་པའི་ཁར་རང་གི་ཕ་རྒྱུད་གཅུང་མོར་དགའ་པོ་བྱས་པས་ཨ་ཁུས་འཕྲལ་མར་དངུལ་བཏང་ནས་ཁོ་པ་སློབ་ཆེན་དུ་བཅའ་ཁྲིམས་སློབ་སྦྱོང་བྱེད་པར་བཏང་། ཡིན་ནའང་ཁོ་པས་སླར་ཡང་དུས་ཚོད་ཕལ་ཆེ་བར་རྩོམ་རིག་དང་མཚན་ཉིད་རིག་པ་སྤྱངས།
         1825ལོར་ཧའེ་ཉེར་ཁྲིམས་ལུགས་རིག་པའི་འབུམ་རམས་པའི་ཡོན་ཚད་ཐོབ། 1831ལོར་ཁོ་པ་ཕ་རི་སིར་བསྐྱོད་ནས་རང་ཉིད་ཀྱི་བརྩམས་ཆོས་ལ་རྒྱུ་ཆ་བཙལ་ཡོད་ལ་འཇར་མན་དང་ཧྥ་རན་སེའི་ཚགས་པར་ཁང་དུ་འཕྲིན་སྤེལ་བ་ཡང་བྱས། ཐོག་མའི་དུས་སུ་ཁོ་པས་ཧྥ་རན་སེར་གཏན་སྡོད་བྱེད་རྩིས་མེད་མོད། འོན་ཀྱང་1835ལོར་འཇར་མན་རྒྱལ་ཕྲན་མཉམ་འབྲེལ་ཚོགས་འདུའི་ཐོག་གྲོས་ཆོད་ཁྱབ་བསྒྲགས་བྱས་ནས་ཧའེ་ཉེ་དང་འཇར་མན་གྱི་ན་གཞོན་རྩོམ་པ་པོའི་བརྩམས་ཆོས་དཔེ་སྐྲུན་ཕྱོགས་ཡོངས་ནས་བཀག་འགོག་བྱས་པས་ཁོ་པས་ཧྥ་རན་སེར་གཏན་སྡོད་བྱ་རྒྱུའི་སེམས་ཐག་བཅད།
         ཚེ་མཇུག་ཏུ་ཧའེ་ཉེ་ནད་གཞིས་མནར་ནས་1848ལོ་ནས་བཟུང་ཞ་རིལ་ཆགས་ཏེ་མལ་སར་ལུས། ཁོ་པའི་མཐའ་མཇུག་གི་ལོ་8དེ“དུར་ས་ལྟ་བུའི་མལ་སར”འཚོ་བ་བསྐྱལ། ཡིན་ནའང་ནད་གཞི་ལྕི་པོ་ཕོག་པའི་ཧའེ་ཉེས་སྔར་བཞིན་སྙན་ངག་འབྲི་མཚམས་མ་བཞག་པར་རྩེ་རྒོད་ཆགས་སྡང་གང་ཡིན་ན་ཡང་། ཚང་མ་རྩོམ་ཡིག་ལེགས་པོར་གྱུར་པར་བྱས། ཁོང་གིས་ཕ་རི་སིའི་ཁྱིམ་གྱི་མལ་ཁྲིར་ཆེས་བཅོས་མིན་དང་། བློ་ཁོག་ཆེ་ཤོས། སུན་འབྱིན་ཆེ་ཤོས། འོད་སྟོང་འཕྲོ་ཤོས་བཅས་ཀྱི་སྙན་ངག་བརྩམས་ཡོད། 1856ལོའི་ཟླ་2ཚེས་17ཉིན་ཧའེ་ཉེ་ཕ་རི་སིར་ཚེ་ལས་འདས།
         རྩོམ་རིག་མཁས་ཅན་ཞིག་གི་ཆ་ནས་ཧའེ་ཉེས་ཕུལ་བྱུང་གི་སྙན་ངག་དང་། ཡུལ་སྐོར་བརྗེད་ཐོ། ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་བཅས་ཀྱི་རྩོམ་ཡིག་མང་པོ་བརྩམས་ཡོད་པས་འཇར་མན་གྱི་རྩོམ་རིག་ལོ་རྒྱུས་ཐོག་གནས་བབ་གལ་ཆེན་བཟུང་ཡོད། འདི་ནི་ཁོ་བོས་རྗོད་པ་བཞིན་《སྙན་ངག་ཕྱོགས་བསྒྲིགས་》དང་《ཡུལ་སྐོར་བརྗེད་ཐོ་ཕྱོགས་སྒྲིག》 《ལུ་མན་ཚའེ་ལོ་》བཅས་ནི་ཁོ་བོའི་མཚན་སྙན་སྲུང་བའི་རྩོམ་ཡག་ཤོས་གསུམ་ཡིན་ཞེས་པ་ལྟར་རེད། 1827ལོར་དཔེ་སྐྲུན་བྱས་པའི་《སྙན་ངག་ཕྱོགས་བསྒྲིགས་》ནི་ཧའེ་ཉེའི་བརྩམས་ཆོས་ཡག་ཤོས་ཤིག་ཡིན་པ་དང་། ཁོང་འཚོ་བཞུགས་སྐབས་དེབ13འགྲེམས་སྤེལ་བྱས་ནས་སྐད་རིགས་20ལྷག་ཙམ་ལ་བསྒྱུར་ཡོད་པས་འཇར་མན་དུ་ཧའེ་ཉེར་ཁྱིམ་ཚང་ཀུན་གྱིས་རྒྱུས་མངའ་ཡོད་པ་མ་ཟད། ད་དུང་དུས་རབས་19པའི་རྒྱལ་སྤྱིའི་སྐད་གྲགས་ཆེ་ཤོས་ཀྱི་འཇར་མན་སྐད་ཀྱི་རྩོམ་པ་པོ་ཞིག་ཏུ་གྱུར།
         ཧའེ་ཉེས་ངའི་སྙན་ངག་གསར་རྩོམ་གྱི་རིག་ཀློང་དམངས་གཞས་ལས་བརྟོལ་བ་དང་། དམངས་གཞས་ཀྱི་འཆར་ཡན་སྙན་ངག་ལ་དཔེ་བལྟས་པ་ཡིན་ཞེས་རྗོད་མྱོང་ཡོད། འོན་ཀྱང་ཧའེ་ཉེས“ངའི་སྙན་ངག་གི་རྣམ་པའི་ཐད་དམངས་གཞས་ཀྱི་ཁྱད་ཆོས་ངེས་ཅན་ལྡན་ཡོད་རུང་། ནང་དོན་ཐད་སྤྱི་ཚོགས་ཀྱི་དོན་སྙིང་ལྡན་ཡོད”ཅེས་དེ་བས་ནན་བཤད་བྱས་ཡོད།
         ཧའེ་ཉེའི་ཡཱ་གུ་དཱ་པའི་སྐྱེ་ཁུངས་དང་ཆབ་སྲིད་ཀྱི་རྣམ་འགྱུར་ལས་ཁོང་གི་མི་ཚེ་གང་པོར་ཡཱ་གུ་དཱ་པར་ངོ་རྒོལ་བྱེད་མཁན་དང་མི་རིགས་རིང་ལུགས་ཀྱི་དམའ་འབེབས་དང་རྡུང་རྡེག་ཕོག་ཡོད། མྱོང་བ་དེ་རིགས་ལས་ཁོང་གི་གསར་རྩོམ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ནས་རྩོམ་ཕལ་ཆེ་བར་དགག་རྒྱག་སུན་འབྱིན་རང་བཞིན་དང་དམག་འཐབ་རང་བཞིན་ཆེན་པོ་མངོན་གྱི་ཡོད།
         དཔེ་མཚོན་མངོན་གསལ་དོད་ཤོས་ནི་ཁོང་གི་ཆབ་སྲིད་ཀྱི་ཟུར་ཟའི་སྙན་ངག་《འཇར་མན། དགུན་དུས་ཀྱི་བྱིས་སྒྲུང་ཞིག་》ཅེས་པ་དེ་རེད། 1843ལོའི་སྟོན་དུས་སུ་ཕ་རི་སིར་ཡུལ་གྱར་ནས་ལོ་13སོང་རྗེས་ཧའེ་ཉེ་རང་གི་ཕ་ཡུལ་དུ་ལོག ཁོང་འཇར་མན་དུ་སྐྱོད་པའི་བརྒྱུད་རིམ་ནང་ཟླ་བདུན་པའི་གསར་བརྗེས་འཇར་མན་ལ་འགྱུར་ལྡོག་གང་ཡང་བྱུང་མེད་པ་མཐོང་། བློ་ཕམ་ཡིད་ཆད་ཀྱི་དུས་སུ་སྙན་ངག་པ་དེ་ཟུར་ཟའི་སྙན་ངག་ལ་བརྟེན་ནས་འཇར་མན་གྱི་ཆབ་སྲིད་ཐད་ཀྱི་རྗེས་ལུས་ལ་དགག་རྒྱག་སུན་འབྱིན་བྱས་ཏེ་འཇར་མན་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་སྐྱུག་བྲོ་བའི་རྫབ་དོང་36ལ་དཔེ་བཞག་ཡོད།
         ཧའེ་ཉེ་ཕ་རི་སིར་གནས་སྤོས་བྱས་རྗེས་རྩོམ་ཡིག་འབོར་ཆེན་བྲིས་ནས་འཇར་མན་གྱི་ཀློག་པ་པོར་ཧྥ་རན་སེའི་ཆབ་སྲིད་དང་། སྤྱི་ཚོགས། རིག་གནས་བཅས་ཀྱི་འཚོ་བ་ངོ་སྤྲོད་བྱས། དེ་དང་ཆབས་ཅིག་ཧྥ་རན་སེའི་དུས་དེབ་ཀྱི་གདན་ཞུས་ལྟར་ཁོང་གིས་ཧྥ་རན་སེའི་ཀློག་པ་པོར་འཇར་མན་གྱི་རིག་གནས་དང་། རྩོམ་རིག མཚན་ཉིད་རིག་པ། ཆོས་ལུགས་བཅས་ཀྱི་རྩོམ་ཡིག་བྲིས་ཏེ་ངོ་སྤྲོད་ཀྱང་བྱས་ཡོད། དེའི་ནང་ཧྥ་རན་སེའི་སྐྱེས་མ་རྩོམ་པ་པོ་ཏེ·སི་ཐར་གྱི་《འཇར་མན་གྱི་སྐོར་གླེང་བ་》ཞེས་པ་བྲིས་པའི་《འཆར་ཡན་ཤོག་ཁག་སྨྲ་བ་》ཞེས་པས་ཧའེ་ཉེའི་ཁྱད་ཆོས་དེ་བས་མཚོན་གྱི་ཡོད།
         འཇར་མན་དུ་དུས་རབས་19པ་ནས་20པའི་བར་ཧའེ་ཉེའི་འཇིམ་བརྙན་ཐེངས་འགའ་བཙུགས་པར་ཚང་མར་རྩོད་གཞི་ཧ་ཅང་ཆེན་པོ་བྱུང་ཡོད། ཡིན་ནའང་ཧའེ་ཉེས་དེ་དག་སྔ་ས་ནས་སྔོན་དཔག་ཐུབ་ཡོད། འཇར་མན་གྱི་རྩོམ་རིག་ལོ་རྒྱུས་ཐོག་གདེང་ཚོད་ཆེན་པོ་ལྡན་པའི་ཁོང་གིས“ང་རང་སྙན་ངག་པ་ཡིན་པའི་མཚན་སྙན་ལ་ངས་སྣང་འཇོག་བྱེད་མྱོང་མེད། མི་རྣམས་ཀྱིས་ངའི་སྙན་ངག་ལ་བསྔགས་བརྗོད་བྱེད་པའམ་ཡང་ན་སུན་འབྱིན་བྱེད་པ་གང་ཞིག་ཡིན་ནའང་ཚང་མར་ངས་དོ་སྣང་བྱེད་ཀྱི་མེད། ཡིན་ནའང་ཁྱེད་ཚོས་ངའི་པུར་སྒམ་གྱི་སྒང་དུ་གྲི་ཞིག་འཇོག་རོགས། གང་ཡིན་ཞེ་ན། ང་ནི་མིའི་རིགས་ཀྱི་བཅིངས་འགྲོལ་དམག་འཐབ་ནང་གི་ལྷག་བསམ་དག་པའི་དམག་མི་ཞིག་ཡིན”ཞེས་བརྗོད།
    ༄༅།།ཧའེ་ཉེ། སྙན་ངག་པ་དང་འཐབ་འཛིང་པ།
      

    ཕྱོགས་བསྡུས་གསར་འགྱུར།