འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།2018ལོའི་རྒྱལ་ཁབ་ཆེན་པོའི་འབྲེལ་བའི་འཕེལ་ཕྱོགས་ཀྱི་དོ་ཁུར་བྱ་ཡུལ་བཞི། 

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་21ཉིན། 17:34】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          རྒྱལ་ཁབ་ཆེན་པོའི་འབྲེལ་བས་འཛམ་གླིང་གི་དུས་བབ་འཕེལ་ཕྱོགས་ལ་ཤུགས་རྐྱེན་གཏིང་ཟབ་ཐེབས་ཤིང་། 2018ལོར་ཨ་རི་དང་ཨུ་རུ་སུ་དང་། ཡོ་རོབ་དང་ཨ་རི། ཨུ་རུ་སུ་དང་ཡོ་རོབ་བཅས་ཀྱི་འབྲེལ་བའི་འཕེལ་ཕྱོགས་ལས་རྒྱལ་སྤྱིའི་དུས་བབ་ཐད་ཁྱད་ཆོས་གསར་པ་ཁ་ཤས་ཐོན་ཡོད་པ་དང་། རྒྱལ་སྤྱིའི་འབྲེལ་བ་གསར་པ་གཏོད་པར་གཞོལ་བཞིན་པའི་ཀྲུང་གོས་རྒྱལ་ཁབ་ཆེན་པོའི་འབྲེལ་བར་བརྟན་ལྷིང་རང་བཞིན་དེ་བས་ཆེ་བ་ཡོང་བར་བྱས་ཡོད།
          དོ་ཁུར་བྱ་ཡུལ་དང་པོ། ཨ་རི་དང་ཨུ་རུ་སུ་འགྲན་ཟླར་ལངས་པ་ཞི་ལྷོད་དུ་འགྲོ་དཀའ་བ།
          ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་ན་ནིང་ཟླ་12པར་ཡོངས་བསྒྲགས་བྱས་པའི་རྒྱལ་ཁབ་ཀྱི་བདེ་འཇགས་འཐབ་ཇུས་ནང་ཨུ་རུ་སུས་ནུབ་ཕྱོགས་ཀྱི་ཁེ་ཕན་དང་རིན་ཐང་ལྟ་བ་ལས་འགལ་བའི་འཛམ་གླིང་ཞིག་གཏོད་རྩིས་ཡོད་པས་ཨ་རིའི་སྟོབས་ཤུགས་དང་དར་རྒྱས་ལ་གནོད་འཚེ་གཏོང་མཁན་གྱི“འགྲན་རྩོད་ཁ་གཏད”ཅིག་རེད་ཅེས་བརྗོད་ཡོད།
          ཐེ་རོན་ཕུས་ཨུ་རུ་སུའི་དབར་གྱི་འབྲེལ་བ་ཐག་གཅོད་བྱེད་སྐབས་ཨ་རིའི་སྤྱི་མཐུན་ཏང་དང་རྒྱལ་ཚོགས་ནང་ཁུལ་གྱི་ཨུ་རུ་སུར་ངོ་རྒོལ་བྱེད་མཁན་ཕྱོགས་ཁག་གིས་ནུས་པ་གལ་ཆེན་འདོན་སྤེལ་བྱས་པས་ཨ་རི་དང་ཨུ་རུ་སུའི་འབྲེལ་བ་ཞི་ལྷོད་དུ་འགྲོ་ཁག་པོ་བྱུང་ཡོད། ཨུ་རུ་སུའི་ཙུང་ལི་མེ་ཏེ་ཝུའེ་ཅེ་ཕུའུ་ཡིས་ཨུ་རུ་སུར་ངོ་རྒོལ་བྱེད་པའི་སྨྱོ་འཆོལ་དགུ་འཆོལ་གྱི་བསམ་ཚུལ་དེ་ཨ་རིའི་ནང་སྲིད་ལ་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་གལ་ཆེན་དུ་གྱུར་ཡོད་ཅེས་བརྗོད། འདི་ལོ་ནི་ཨ་རིའི་དུས་དཀྱིལ་གྱི་འདེམས་བསྐོའི་ལོ་ཞིག་ཡིན་པ་དང“ཨུ་རུ་སུ་དང་འབྲེལ་བ་ཡོད་པའི་གནས་ཚུལ”ལ་བརྟག་ཞིབ་བྱེད་ཤུགས་ཆུང་དུ་འགྲོ་མི་སྲིད་པས་ཐེ་རོན་ཕུས་ཨུ་རུ་སུར་འཛིན་པའི་སྲིད་ཇུས་ལ་ཚོད་འཛིན་ཐེབས་ངེས་རེད། ཨ་རི་དང་ཨུ་རུ་སུའི་འབྲེལ་བ་ཞི་ལྷོད་དུ་གཏོང་བའི་ཐད་ཐེ་རོན་ཕུར་ངོ་བོའི་རང་བཞིན་གྱི་བྱ་ཐབས་ཡོད་ཁག་པོ་རེད།
         དོ་ཁུར་བྱ་ཡུལ་གཉིས་པ། ཡོ་རོབ་དང་ཨ་རིའི་འབྲེལ་བ་བརྟན་པོ་མེད་པ།
         2017ལོར་ཡོ་རོབ་དང་ཨ་རིའི་འབྲེལ་བའི་ཐད“ཐེ་རོན་ཕུའུ་ཡི་ནུས་པའི”གཡོ་འགུལ་ཐེབས་ནས་འགོག་སྲུང་ལས་དོན་དང་། ཕྱོགས་མང་ཉོ་ཚོང་། གནམ་གཤིས་འགྱུར་ལྡོག སྐྱབས་བཅོལ་མི་སེར་སོགས་ཀྱི་གནད་དོན་ལ་ཕྱོགས་གཉིས་པོ་ཁ་གཏད་དུ་ལང་པ་མངོན་གསལ་དོད་དུ་ཕྱིན་ཡོད།
          པེར་ཀྲེམ་གྱི་པུ་ལུ་རི་ཡོ་རོབ་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཧྲེ་ཐར་གྱིས་ཨ་རིས་སྲུང་སྐྱོང་རིང་ལུགས་ཀྱི་སྲིད་ཇུས་ཁྱབ་གདལ་གཏོང་བ་དང་འཛམ་གླིང་ཚོང་དོན་གྱི་སྒྲིག་སྲོལ་ལ་བརྩི་འཇོག་མི་བྱེད་པ་དེས་རྒྱལ་སྤྱིའི་ཚོང་དོན་སྒྲིག་ལམ་སྔར་བས་ཞན་དུ་ཕྱིན་ཡོད། ཡོ་རོབ་མནའ་འབྲེལ་གྱིས་བརྩི་འཇོག་བྱེད་པ་ནི་སྒྲིག་སྲོལ་གྱི་རྒྱལ་སྤྱིའི་མ་ལག་ལ་གཞིགས་པ་ཞིག་རེད། འདི་ནི་ཨ་རི་དང་ཡོ་རོབ་ཀྱི་འབྲེལ་བར་ཤུགས་རྐྱེན་ཐེབས་པའི་འགྱུར་བའི་ཚད་གཞི་གལ་ཆེན་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་འདུག
         ལོ་གཅིག་རིང་ཨ་རི་ཕ་རི་སིའི་གནམ་གཤིས་འགྱུར་ལྡོག་གི་གྲོས་ཆོད་སོགས་ཀྱི“ཁྱུ་ཚོགས་ལས་དོན་པའི”བྱེད་སྟངས་མང་པོ་ཐོན་ནས་ཨ་རི་སྲིད་གཞུང་གི་ཕྱོགས་རེའི་རིང་ལུགས་ཀྱི་རྣམ་པ་མངོན་པ་དང་། འདི་ནི་ཡོ་རོབ་རྒྱལ་ཁབ་ཀྱིས་ལག་ལེན་བསྟར་བའི་ཕྱོགས་མང་སྲིད་ཇུས་དང་རྒྱབ་འགལ་དུ་ཕྱིན་པ་ཞིག་རེད།
         དོ་ཁུར་བྱ་ཡུལ་གསུམ་པ། ཨུ་རུ་སུ་དང་ཡོ་རོབ་ཀྱི་འབྲེལ་བ་ཡང་བསྐྱར་འཛུགས་པའི་རེ་སྒུག་བྱེད་པ།
          ཡུག་རེན་གྱི་གནད་དོན་ལས་མུ་མཐུད་ཡོ་རོབ་ལ་འགོག་རྐྱེན་བཟོས་ཤིང་། ཧྥ་རན་སེ་དང་འཇར་མན་རྒྱལ་ཁབ་གཉིས་པོས་ནོ་མན་ཏིའི་རྣམ་པ་(ཧྥ་རན་སེ་དང་། འཇར་མན། ཨུ་རུ་སུ། ཡུག་རེན་བཅས་ཕྱོགས་བཞིའི་གྲོས་མོལ)ལ་བརྟེན་ནས་ཐག་གཅོད་མགྱོགས་མྱུར་བྱེད་པའི་ཐབས་ལམ་འཚོལ་ཞིབ་བྱས་མོད། འོན་ཀྱང་གྲོས་མོལ་ལམ་སྲོལ་དེ་ན་ནིང་གྲོས་མོལ་བྱེད་མཚམས་ཆད་པ་མ་ཟད། སྐྱབས་བཅོལ་མི་སེར་གྱི་ཉམས་ཉེན་དང་འཇིགས་སྐུལ་རིང་ལུགས་ཀྱིས་རྐྱེན་པས་ཡོ་རོབ་རང་མགོ་མ་ཐོན་སྟབས་དཔལ་འབྱོར་གྱི་ཁེ་ཕན་ལ་གྱོང་གུན་ཕོག་པ་རིན་དོད་དུ་བྱས་ཏེ་ཨ་རིའི་རྗེས་སུ་འབྲངས་ནས་ཨུ་རུ་སུར་བཀག་སྡོམ་མཐའ་འཁྱོངས་བྱས་ཡོད།
         ཧྲེ་ཐར་གྱིས་ཨུ་རུ་སུ་རྩེད་རོགས་གལ་ཆེན་ཞིག་གི་ཆ་ནས་རྒྱལ་སྤྱིའི་གར་སྟེགས་སུ་བསྐྱར་དུ་ལོག་པ་དང་། ཨུ་རུ་སུ་དང་མཉམ་ལས་བྱ་རྒྱུ་ནི་ཡུག་རེན་གྱི་གདོང་ཐུག་དང་སི་རི་ཡའི་གནད་དོན་ཐག་གཅོད་ལ་ཕན་པ་ཡོད་པ་དང་ཆབས་ཅིག ཡོ་རོབ་མནའ་འབྲེལ་གྱི་དཔལ་འབྱོར་ཁེ་ཕན་དང་ཡང་མཐུན་པ་ཡོ་རོབ་མནའ་འབྲེལ་ལ་དོ་སྣང་བྱུང་ཡོད། འོན་ཀྱང་ཡོ་རོབ་མནའ་འབྲེལ་གྱིས་ཀྱང་ཡོ་རོབ་ཤར་མར་ཕོག་པའི་ཨུ་རུ་སུའི་ཤུགས་རྐྱེན་ཐེབས་ཤུགས་ཆུང་དུ་གཏོང་རྩིས་ཡོད། 2018ལོར་ཨུ་རུ་སུ་དང་ཡོ་རོབ་ཀྱི་འབྲེལ་བའི་ངོ་བོ་གཉིས་ལྡན་གྱི་ཁྱད་ཆོས་དེ་བས་མངོན་གསལ་དོད་དུ་འགྲོ་རྒྱུ་ཡིན་པའི་ངོས་འཛིན་བྱེད་ཀྱི་འདུག
          དོ་ཁུར་བྱ་ཡུལ་བཞི་པ། ཀྲུང་གོས་བརྟན་ལྷིང་གི་རང་བཞིན་བཏོད་པ།
          ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་རྒྱལ་ཁབ་ཆེན་པོའི་མཐུན་སྦྱོར་མཉམ་ལས་ལ་སྐུལ་འདེད་བཏང་ནས་སྤྱིའི་ཆ་ནས་བརྟན་ལྷིང་དང་དོ་སྙོམས་འཕེལ་རྒྱས་འགྲོ་བའི་རྒྱལ་ཁབ་ཆེན་པོའི་འབྲེལ་བའི་སྒྲོམ་གཞི་སྐྲུན་དགོས་ཞེས་བཏོན་ཡོད། དེས་ན་ཀྲུང་གོ་ནི་རྒྱལ་ཁབ་ཆེན་པོའི་འབྲེལ་བར་བརྟན་ལྷིང་གི་རང་བཞིན་དེ་བས་མང་བ་བཏོད་མཁན་ཞིག་ཏུ་འགྱུར་བའི་རེ་སྒུག་བྱ་ཆོག
          2017ལོར་ཀྲུང་གོ་དང་ཨ་རིའི་གཙོ་བདག་གིས་ཞལ་འཛོམས་ཐེངས་གསུམ་གནང་བ་དང་ཞལ་པར་ནས་བཀའ་མོལ་དང་འཕྲིན་ཡིག་ཐེངས་མང་བཏང་རེས་གནང་ནས་ཕྱོགས་གཉིས་པོའི་འབྲེལ་བའི་འཐབ་ཇུས་བརྟན་ལྷིང་ལ་སྐུལ་འདེད་བཏང་ཡོད་ཅིང་། ཨ་རིའི་ལས་རོགས་རྒྱལ་དོན་བློན་ཆེན་ཟུར་པ་ཏན་ཉིར·ལ་སེར་གྱིས“གལ་ཏེ་ཨ་ཀྲུང་རྒྱལ་ཁབ་གཉིས་པོ་མཉམ་ལས་མ་བྱས་ཚེ་རྒྱལ་མཚམས་ལས་སྒྲོལ་བའི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་དེ་དག་ཐག་གཅོད་ཐུབ་པ་ཡིད་ལ་འཁོར་ཁག་པོ་ཞིག་ཡིན་པའི”ངོས་འཛིན་བྱེད་ཀྱི་འདུག 2018ལོར་རྒྱང་ལྟ་བྱེད་སྐབས་རྒྱལ་ཁབ་གཉིས་པོར་མི་མཐུན་པའི་ཆ་ཡོད་མོད། འོན་ཀྱང་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྤྱིའི་ཆ་ནས་བརྟན་པོའི་ངང་གོང་འཕེལ་འགྲོ་བཞིན་ཡོད།
          ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཐད་འགྱུར་ལྡོག་ཆེ་བའི་རྒྱལ་སྤྱིའི་གནས་ཚུལ་བརྒྱུད་མྱོང་བས་ཉིན་རེ་བཞིན་སྲ་བརྟན་རང་བཞིན་དང་བརྟན་ལྷིང་རང་བཞིན་མངོན་ཡོད། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འབྱུང་འགྱུར་གྱི་གནས་ཚུལ་ཐད་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ན་ནིང་ཟླ་12པའི་ལོ་འཁོར་གྱི་གསར་འགོད་པའི་ཚོགས་འདུའི་ཐོག་ཀྲུང་གོའི་དབར་གྱི་འཐབ་ཇུས་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་ནི་ཨུ་རུ་སུ་རྒྱལ་ཡོངས་ཀྱི་ཐུན་མོང་ངོས་འཛིན་རེད་ཅེས་བརྗོད། 2018ལོར་རྒྱང་ལྟ་བྱེད་སྐབས་ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་གྲུབ་འབྲས་གསར་པ་ཐོབ་ངེས་རེད།
         ཡོ་རོབ་མནའ་འབྲེལ་གྱི་འགན་ཁུར་བས་ཡོ་རོབ་དང་ཨེ་ཤེ་ཡ་སྐམ་ས་ཆེ་མོའི་མཉམ་སྦྲེལ་མཉམ་མཐུད་ཀྱི་འཆར་འགོད་བཟོ་བཞིན་ཡོད་པ་དང་འབྲེལ“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་སྦྲེལ་མཐུད་ཐུབ་པ་བྱ་རྒྱུ་ཡིན་ཞེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།