འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་ས་གཞི་ཆེ་མོར་གཞི་ཚུགས་ནས་བྱ་གཞག་བཏོད། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་20ཉིན། 16:06】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          ——ཧྥུའུ་ཏན་སློབ་ཆེན་ཞིབ་འཇུག་སློབ་མའི་སློབ་གླིང་གི་ཡོན་ཀྲང་ཚེ་སྲོག་ཚན་རིག་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཀྲུང་ཡང་འདས་པའི་སྐོར་བཀོད་པ། 
           འདི་ག་ཚགས་པར་གྱི་གསར་འགོད་པ། ཅང་ཧུང་པིང་གིས། 
           ཟླ་བ་ཁ་ཤས་སོང་ནའང་ཧྥུའུ་ཏན་སློབ་ཆེན་ཞིབ་འཇུག་སློབ་མའི་སློབ་གླིང་གི་ཡོན་ཀྲང་གཞོན་པ་ཏང་ཀྲི་པུའི་ཧྲུའུ་ཅི་ཁྲུའུ་ཡུང་ཆོན་གྱིས་ཉིན་དེ་སྔར་བཞིན་གསལ་ལྷང་ངེར་དྲན་གྱི་ཡོད།
           ཟླ་9ཚེས་24ཉིན་དགེ་རྒན་ཆེ་མོ་བ་ཀྲུང་ཡང་ཉིང་ཞ་མི་རིགས་ས་ཁུལ་གྱི་ལས་བྱེད་པར་སློབ་ཚན་ཁྲིད་པར་བསྐྱོད། ཁོང་གིས་དེ་ཉིན་ད་དུང་ཞིབ་འཇུག་སློབ་མའི་གསོ་སྦྱོང་ལས་ཀའི་སྐོར་གྱི་སྙན་ཞུ་ཞིག་ཧྥུའུ་ཏན་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་ཅིང་ལིད་ལ་ཕུལ། ཡིན་ནའང་ཚེས་25ཉིན་གྱི་ཐོ་རེངས་ཆུ་ཚོད་ལྔ་པ་ལྷག་ཙམ་ལ་གནམ་ཐང་དུ་བསྐྱོད་པའི་ལམ་བར་དུ་གློ་བུར་འགྲིམ་འགྲུལ་ལས་འཛོལ་ཐོན་ནས་ལོ་53ལ་སླེབས་པའི་ཁོང་འཇིག་རྟེན་ཕྱི་མའི་ལམ་དུ་ཞུགས།
          ཉིན་དེར་སྐད་འཕྲིན་གྱི་གྲོགས་ཚོགས་སུ་མི་ཁྲི་20ལྷག་ཙམ“དགེ་རྒན་ཆེ་མོ་ཀྲུངཡང་ལ་མེ་ཏོག་ཕུལ་ནས་དྲན་གསོ་ཞུ་བའི”བྱེད་སྒོར་ཞུགས་པ་དང་། ཀྲུང་ཡང་གི་བོད་ཀྱི་གཏམ་རྒྱུད་ཀྱི་སྐོར་བཀོད་པའི་བརྙན་ལམ་《འབྱུང་འགྱུར་ལ་ཕྱོགས་པ་》ཞེས་པར་དྲ་ཐོག་ཏུ་བལྟ་མཁན་ཁྲི་1200ལྷག་ཙམ་ཟིན་ཡོད། “འཇིག་རྟེན་འདི་ན་རྟག་པ་ཞེས་པའི་དངོས་པོ་ཞིག་ཡོད་མ་ཡིན། ཡིན་ནའང་ང་འཇིགས་སྣང་སྤུ་ཙམ་ཡང་སྐྱེ་ཡི་མི་འདུག གང་ལགས་ཤེ་ན། ངའི་སློབ་མས་ཚན་རིག་འཚོལ་ཞིབ་ཀྱི་ལམ་བུ་དེ་མུ་མཐུད་ནས་རྒྱུན་འཁྱོངས་བྱེད་ངེས། ང་ཚོས་བསྡུ་རུབ་ཐུབ་པའི་ས་བོན་དག་གཅིག་བྱས་ན་ལོ་བརྒྱ་གྲངས་ཁ་ཤས་རྗེས་སུ་མྱུ་གུ་འབུས་སྲིད། དེ་དུས་མི་མང་པོ་ཞིག་གི་ཕུགས་འདུན་མངོན་དུ་འགྱུར་ངེས”ཞེས་བརྙན་ལམ་ནང་ཀྲུང་ཡང་གིས་དེ་ལྟར་གསུངས།
          ཉིན་གསུམ་རྗེས་ཀྱི་མྱ་ངན་ཚོགས་འདུའི་ཐོག་མི་རྣམས་པེ་ཅིང་དང་། ཧྲང་ཧའེ། ཝུའུ་ཧན་བཅས་དང་ཐ་ན་ཤིན་ཅང་དང་། བོད་ལྗོངས། ནང་སོག ཡུན་ནན་སོགས་ས་ཁུལ་ནས་ཆེད་མངགས་དབྱིང་ཁྲོན་དུ་སླེབས། སྐུ་ཕུང་སྲུང་བའི་མཚན་མོར་ཀྲུང་ཡང་གི་ལོ་15སླེབས་པའི་བུས“པཱ་ལགས། ཁྱེད་གཞི་ནས་ཁྱིམ་དུ་ཕེབས་ཏེ་ངལ་གསོས་ཆོག”ཅེས་པའི་འཕྲིན་ཐུང་ཞིག་བསྐུར།
          “རྒྱལ་ཁབ་དང་མིའི་རིགས་ལ་དགོས་མཁོ་ཡོད་ཚེ་དཀའ་ལས་ཇི་ཙམ་ཁག་ཀྱང་མུ་མཐུད་ཚན་ཞིབ་ལས་ལ་གཞོལ་རྒྱུ་ཡིན”
          ——བོད་ཀྱི“སྐྱེ་དངོས་ཀྱི་གཞི་གྲངས”གསལ་པོ་རྟོགས་པ་བྱ་ཆེད། བགྲང་བྱ་16རིང་ས་མཐོའི་ཐོག་སྤྱི་ལེ་ཁྲི་50ལྷག་ཙམ་བསྐྱོད་ཡོད།
           གལ་ཏེ་གློ་བུར་གྱི་རྐྱེན་ངན་དེ་ལྟ་བུ་འཕྲད་མེད་ན། ཟླ་9ཚེས་28ཉིན་དགེ་རྒན་ཆེ་མོ་བ་ཀྲུང་ཡང་ལྷ་སར་ཕེབས་རྒྱུ་ཡིན་པ་དང་ཁོང་གིས་མུ་མཐུད་རང་གི་སློབ་མ་བོད་ལྗོངས་སློབ་ཆེན་རང་བྱུང་བཟོ་སྐྲུན་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ལྷག་ཆུང་དང་བོད་ལྗོངས་སློབ་ཆེན་གྱི་དགེ་སློབ་མང་པོ་ཞིག་དང་ལྷན་དུ་ས་བོན་བསྡུ་རུབ་གནང་སྟེ། འཛམ་གླིང་ཐོག་རྩེར་སོན་གྱི་རིག་ཚན་ཞིབ་འཇུག་བྱས་ནས་བསྐྲུན་རྩིས་ཡོད་པ་རེད།
          ཉིན་འགའ་ཤས་སྔོན་དུ་བོད་ལྗོངས་སློབ་ཆེན་གྱི་སྣོད་བཅུད་རིག་ཚན་དེ་ཉིད་རྒྱལ་ཁབ་ཀྱི་རྩེར་སོན་གཉིས་ཀྱི་རིག་ཚན་ནང་བདམས་པའི་གནས་ཚུལ་ཡོངས་བསྒྲགས་བྱས་པས། ཀྲུང་ཡང་དགའ་ཚོར་ཆེན་པོ་བྱུང་བ་དང་སྐད་འཕྲིན་ཚོགས་པའི་ནང་གདན་ཞུའི་ཡི་གེ་བསྐུར་ཏེ“རྒྱལ་སྟོན་སྔ་རྗེས་སུ་ང་བོད་ལ་སྡོད་རྒྱུ་ཡིན་པས། ཚང་མ་ང་དང་ཞིབ་འཇུག་སློབ་མ་དང་ལྷན་དུ་ཡར་འབྲོག་གཡུ་མཚོ་དང་ཉིང་ཁྲི་སོགས་སུ་རྟོག་ཞིབ་ཏུ་ཕེབས་པར་དགའ་བསུ་ཞུ་རྒྱུ་ཡིན”ཞེས་བྲིས་ཡོད།
           “རྒྱལ་སྤྱིའི་ཚོགས་འདུ་འཚོགས་རིམ་བཞིན་ཁོང་གིས་བོད་ཀྱི་འགྱུར་ལྡོག་བརྗོད་པ་དང་རིགས་གཅིག་མཁས་ཅན་དངོས་སུ་རྟོག་ཞིབ་བྱེད་པར་གདན་འདྲེན་གྱི་ཡོད། ད་རེས་ང་ཚོས་ཁ་ཆད་བྱས་ཟིན། ཁོང་གིས་རུ་སྣེ་ཁྲིད་ནས་བོད་ཀྱི་ས་ཆ་མི་འདྲ་བའི་འཐབ་ཇུས་རང་བཞིན་གྱི་སྐྱེ་དངོས་ཐོན་ཁུངས་རྟོག་ཞིབ་གནང་བར་ཕེབས་རྒྱུ་བྱས་སོང་། བོད་ཀྱི་སྐྱེ་དངོས་མང་ཉུང་མཐིལ་རྟོགས་གསལ་པོ་བྱེད་ཆེད། ཁོང་གིས་དཀའ་སྡུག་ལ་མི་སྐྲག་པར་འགན་འཁྲི་ལྕི་པོ་ཕྲག་ཏུ་ཁུར་ཡོད”ཅེས་ཀྲུང་གོ་རྩི་ཤིང་སློབ་ཚོགས་ཀྱི་ལས་འཛིན་དཔོན་གཞོན་པ་ཀྲུང་ཁང་གིས་དྲན་གསོ་བྱེད་བཞིན་དེ་ལྟར་བཤད།
          ལྟེ་ཁྲག་འཕོ་ས་ཧུའུ་ནན་དང་མི་ཚོའི་དོན་གཉེར་ཝུའུ་ཧན་དང་ཧྲང་ཧའེ་ནས་གནང་རུང་། ཀྲུང་ཡང་གི་མི་ལོ་53རིང“བོད”དང“ས་བོན”གཉིས་ནི་འགག་རྩའི་ཚིག་ལ་གྱུར་ཡོད།
          2001ལོར་ཀྲུང་ཡང་གིས་ཐོག་མར་བོད་དུ་འགྲོ་རྒྱུའི་མིང་བཀོད། དེ་ནི་སྐྱེ་དངོས་རིག་པ་མཁས་ཅན་ཞིག་གི་འགན་འཁྲི་ཁུར་སེམས་སྟེ། མཚོ་བོད་ས་མཐོ་ནི་རྒྱལ་སྤྱིའི་སྐྱེ་དངོས་སྣ་མང་རང་བཞིན་གྱིས་ཕྱུག་པའི་ས་ཁུལ་ཞིག་ཡིན་པ་དང་། རང་རྒྱལ་གྱི་སྐྱེ་དངོས་ཀྱི“གཞི་རྒྱུའི་མཛོད”ཆེ་ཤོས་དེ་ཡིན་ནའང་རྒྱལ་ཁབ་ཕྱི་ནང་གི་ས་བོན་མཛོད་ནང་ཉར་ཚགས་བྱས་པ་ཧ་ཅང་ཉུང་ཉུང་ཡིན་པ་མ་ཟད། གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་ཕྱིན་པ་དང་མིའི་རིགས་ཀྱི་འགུལ་སྐྱོད་ཀྱིས་སྐྱེ་དངོས་དེ་དག་རྩ་སྟོངས་སུ་འགྲོ་བཞིན་ཡོད། ཁོང་གིས་འཛམ་གླིང་ཡང་རྩེའི་སྐྱེ་དངོས་ཞིབ་འཇུག་མཁན་ཞིག་བྱས་ཏེ། རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་དང་མིའི་རིགས་ཀྱི་འབྱུང་འགྱུར་ལ་ལེགས་སྐྱེས་འབུལ་འདོད་ཆེན་པོ་གནང་གི་ཡོད།
         “ཞིབ་བཤེར”འདུ་འགོད་ནི་ཧ་ཅང་ཆེན་པོ་ཞིག་རེད། ཀྲུང་ཡང་གིས་ལོ་ལྟར་ཉུང་མཐར་ཡང་རྩྭ་རྩི་ཤིང་གི་ས་བོན་600ཙམ་བསྡུ་རུབ་བྱ་རྩིས་ཡོད། རྒྱལ་སྤྱིའི་ཚད་གཞི་གཞིར་བཟུང་། མ་དཔེ་རེར་ས་བོན་5000བསྡུ་རུབ་བྱེད་དགོས་པ་དང་། མ་དཔེ་མི་འདྲ་བའི་ས་བོན་ཁག་དབར་གྱི་ཐད་ཀའི་ལམ་ཐག་སྤྱི་ལེ་50ལྷག་ཙམ་ཡིན་པ་རེད། དེ་ལས་ཀྲུང་ཡང་གི་ཚོགས་པས་ལོ་ལྟར་སྤྱི་ལེ་ཁྲི་3ལྷག་ཙམ་འགྲོ་དགོས་པ་མཚོན་གྱི་ཡོད།
          བགྲང་བྱ་16རིང་བྱང་ཐང་ས་མཐོ་ནས་བོད་ལྷོ་རྒྱུད་ཀྱི་རོང་ཆེན་བར་དང་། མངའ་རིས་ཀྱི་མི་མེད་ལུང་སྟོང་ནས་ཡར་ཀླུང་གཙང་པོ་རྒྱུག་ཁུལ་བར་ཁོང་ཚོའི་འགྲོ་སྐྱོད་ལམ་ཐག་སྤྱི་ལེ་ཁྲི་50ལྷག་ཙམ་ཟིན་ནས་རྐང་རྗེས་བོད་ཀྱི་ཐག་རིང་ཤོས་དང་། དཀའ་སྡུག་ཆེ་ཤོས། མྱ་ངམ་ཐང་བཅས་ཀྱི་ས་ཆར་ཁྱབ་ཅིང་། ཤི་གསོན་གྱི་འཕྲང་ལམ་གང་མང་བརྒྱུད་མྱོང་།
          “ཁོ་བོས་མེས་རྒྱལ་གྱི་མི་རིགས་ཁག་ཚང་མར་རྩི་ཤིང་རིག་པའི་འབུམ་རམས་པ་རེ་གསོ་སྐྱོང་བྱེད་འདོད་ཡོད”
          ——བརྟན་སྲུང་དང་ཕུགས་འདུན་བོད་ཀྱི་མཐོ་རིམ་སློབ་གསོའི“ཨང་དང་པོ”མང་པོར་གྱུར་བ།
           བོད་ལྗོངས་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་སློབ་གླིང་གི་ཡོན་ཀྲང་བསྟན་འཛིན་ནོར་བུ་དང་ཀྲུང་ཡང་ཐུག་ཐེངས་མཐའ་མ་ནི་ཟླ་9ཚེས་9ཉིན་གྱི་ཉིན་དགུང་ཡིན་པ་དང་། དུས་ཚོད་རིང་པོ་སོང་རྗེས་ཉིན་དེར་ཀྲུང་ཡང་གི་ཕྲུ་གུ་མཚེ་མའི་སྐྱེས་སྐར་ཡིན་པ་གཞི་ནས་ཤེས་བྱུང་། སྐྱེས་སྐར་གྱི་ཁ་ལག་ཟ་བཞིན་པའི་སྐབས་ཁྱིམ་དུ་སྡོད་ལོང་མེད་པའི་པཱ་ལགས་སླར་ཡང་བོད་དུ་ལས་དོན་སྒྲུབ་པར་སྐྱོད་ཡོད། བུ་རྒན་པའི་རེ་བ་ཆེ་ཤོས་ནི་ནང་མི་ཚོ་མཉམ་དུ་ཕྱིར་ཐེངས་གཅིག་བསྐྱོད་རྒྱུ་དེ་རེད།
          བོད་ལྗོངས་སློབ་ཆེན་ལ་སྣོད་བཅུད་རིག་ཚན་བཀོད་སྒྲིག་བྱས་ཏེ་ཕུལ་བྱུང་གི་ཚན་ཞིབ་ཚོགས་པ་ཞིག་འཇོག་ཐུབ་པ་བྱ་རྒྱུ་དེ་བོད་ལྗོངས་སློབ་ཆེན་དུ་དགེ་རྒན་ཆེ་མོ་བ་གཅིག་ལྕོགས་བྱེད་པ་དང་ཚན་ཞིབ་མཉམ་ལས་བྱས་རྗེས་ཀྲུང་ཡང་གི་ཕུགས་འདུན་དང་དམིགས་ཡུལ་གསར་པ་དེ་ཡིན་པ་རེད།
          བསྟན་འཛིན་ནོར་བུས“སྐབས་དེ་དུས་བོད་ལྗོངས་སློབ་ཆེན་གྱི་རང་བྱུང་རིག་པའི་སློབ་གྲྭ་ཆེ་མོར་འབུམ་རམས་པའི་སློབ་གནས་མེད་པ་དང་། རྩི་ཤིང་རིག་པའི་ཆེད་ལས་ལ་དགེ་རྒན་ཆེ་མོ་བ་མེད་པ། འབུམ་རམས་པའི་སློབ་རྒྱུས་ལྡན་པའི་དགེ་རྒན་གཅིག་ཀྱང་མེད་པས་ཞིབ་འཇུག་རྣམ་གྲངས་རེ་ཞུ་བྱ་རྒྱུ་དེ་རྨི་ལམ་རང་རེད། དགེ་རྒན་ཆེ་མོ་བ་ཀྲུང་ཡང་གིས་སློབ་ལྗོངས་སློབ་ཆེན་ལ་རིག་ཚན་རྩེར་སོན་གཉིས་རག་རྒྱུའི་ཐད་བྱས་རྗེས་རླབས་ཆེན་བཞག་ཡོད”ཅེས་བཤད།
          ལྷག་བསམ་རྣམ་དག་གིས་ལས་ལ་གཞོལ་མཁན་ཀྲུང་ཡང་གིས་བོད་ལྗོངས་སློབ་ཆེན་ལ“ཨང་དང་པོ”མང་པོ་བཏོད་རོགས་བྱས་ནས་སྣོད་བཅུད་རིག་པའི་འབུམ་རམས་པའི་སློབ་གནས་གཅིག་རེ་ཞུ་བྱས་པ་དང་། བོད་རིགས་ཀྱི་རྩི་ཤིང་རིག་པའི་འབུམ་རམས་པ་ཨང་དང་པོ་བཀྲ་ཤིས་ཚེ་རིང་གསོ་སྐྱོང་བྱས་པ། བོད་ཀྱི་སྐྱེ་དངོས་རིག་པའི་སློབ་གསོ་པུའི་གསར་གཏོད་ཚོགས་པའི་སྣེ་འཁྲིད་དེ་བོད་ལྗོངས་སློབ་ཆེན་སྣོད་བཅུད་རིག་ཚན“རྩེར་སོན་གཉིས”བསྐྲུན་པའི་མིང་ཐོའི་ནང་ཚུད་པ་བྱས་པ་མ་ཟད། བོད་ལྗོངས་སློབ་ཆེན་གྱི་སྐྱེ་དངོས་སྣ་མང་རང་བཞིན་ཞིབ་འཇུག་བྱ་རྒྱུ་དེ་གྲུབ་འབྲས་ཐོབ་པའི་ངང་འཛམ་གླིང་ཐོག་ཁྱབ་གདལ་བཏང་ཡོད་པ་རེད།
          དགེ་རྒན་ཆེ་མོ་བ་ཀྲུང་ཡང་ནུབ་རྒྱུད་ཡོངས་ཀྱི་སློབ་གསོ་དང་ཚན་ཞིབ་ཀྱི་རྨང་གཞི་འདིང་མཁན་ལ་གྱུར་ཡོད་པ་རེད། 2017ལོའི་ཟླ་བརྒྱད་པ་དང་དགུ་པར་ཁོང་གིས་བོད་ལྗོངས་དང་། ཤིན་ཅང་། ཉིང་ཞ། ནང་སོག་སོགས་ས་ཆར་བསྐྱོད་ཡོད་པ་རེད། 2016ལོ་ཁོ་ནར་ཁོང་གིས་གནམ་གྲུ་ཐེངས་157བསྡད་ཡོད་ཅིང་། དུས་ཚོད་གྲོན་ཆུང་བྱ་ཆེད། ཁོང་གིས་གནམ་གྲུ་སྔ་ཤོས་དེའམ་ཡང་ན་ཕྱི་ཤོས་དེ་འདེམས་ཀྱི་ཡོད། སློབ་དཔོན་ཡིན་པའི་ཁོང་གྲངས་ཉུང་མི་རིགས་ཀྱི་སློབ་མ་བསྡུ་རྒྱུར་ཧ་ཅང་དགའ་པོ་ཡོད་པ་རེད། ཁོང་གིས“གྲངས་ཉུང་མི་རིགས་ས་ཁུལ་ནས་ཤེས་ལྡན་མི་སྣ་ཐོན་སླ་པོ་མེད་སྟབས་ཁོང་ཚོ་ཕ་ཡུལ་དུ་ཕྱིར་ལོག་བྱས་རྗེས་ནུབ་རྒྱུད་ཀྱི་སྣོད་བཅུད་འཕེལ་རྒྱས་གཏོང་མཁན་གཙོ་ཤུགས་དམག་དེར་གྱུར་བའི་རེ་བ་བྱེད་ཀྱི་ཡོད”ཅེས་གསུངས། ཁོང་གི་ཕུགས་འདུན་གསར་པ་ནི“མེས་རྒྱལ་གྱི་མི་རིགས་ཚང་མར་རྩི་ཤིང་རིག་པའི་འབུམ་རམས་པ་རེ་གསོ་སྐྱོང་བྱེད་འདོད་པ”དེ་རེད།
          “ཕུལ་དུ་བྱུང་བར་ཕུགས་འདུན་ལྡན་པ་མ་ཡིན་པར་ཕུགས་འདུན་ལྡན་པ་དེ་ཕུལ་དུ་བྱུང་བ་ཞིག་རེད”
           ——ཐོག་མའི་བསམ་འདུན་མ་བརྗེད་པར་འབད་འཐབ་ཆེན་པོས་ཕུགས་འདུན་དོན་གཉེར་བྱེད་མཁན་གུང་ཁྲན་ཏང་ཡོན་ཚོས་མི་རྣམས་ཀྱི་སེམས་སུ་སྒྲོན་མེ་གསལ་བར་བྱས་ཡོད།
          ཟླ་9ཚེས་21ཉིན་ནི་ཧྥུའུ་ཏན་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་སློབ་གླིང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་པའོ་ཞའོ་མིང་དང་ཀྲུང་ཡང་སློབ་གྲྭའི་ནང་འཕྲད་ཐེངས་མཐའ་མ་དེ་རེད། པའོ་ཞའོ་མིང་གིས་བྱ་དགའ་སྤྲོད་རྒྱུའི་དཔྱད་བསྡུར་ནང་ཚུད་པ་བྱེད་པར་གྲོགས་ཚོགས་ནང་བརྒྱུད་བསྐུར་བྱས་ནས་སྤ་སེ་མང་ཙམ་རག་པ་བྱེད་དགོས་པའི་ཁ་ཏ་བསླབ་བྱ་བྱེད་སྐབས་ཀྲུང་ཡང་གིས“གད་མོ་དགོད་བཞིན་འགྲོ་ཞོར་དུ་ལག་པ་གཡུག་གཡུག་བྱས་ཏེ་ལས་ཀ་དེ་རིགས་བྱེད་འདོད་མེད་ལུགས”བརྗོད།
           ཁོང་གི་བཟའ་ཟླ་ཀྲང་ཞའོ་ཡན་གྱིས་དྲན་གསོ་བྱེད་བཞིན་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་དགུ་བཅུའི་སྐབས་ཀྲུང་ཡང་ཕྱི་རྒྱལ་དུ་གཟབ་སྦྱོང་དང་སློབ་སྐོར་བ་མཁས་ཅན་གྱི་སློབ་གནས་ལེན་པར་ཐེངས་གཉིས་སོང་བ་རེད། རང་རྒྱལ་དུ་ཕྱིར་ལོག་བྱེད་སྐབས་ཟ་མཁས་འཐུང་མཁས་བྱས་ནས་བསགས་པའི་དངུལ་གྱིས་ཞིབ་འཇུག་སུའོ་ལ་པར་སློག་འཕྲུལ་ཆས་སོགས་སྒྲིག་ཆས་ཉོས་པ་དང་འགག་སྒོ་སྒྲོལ་སྐབས་ལས་དོན་མི་སྣས་སློབ་མར་ཅ་དངོས་ཆེན་པོ་འདི་འདྲ་ཉོ་བའི་དངུལ་ཡོད་སྲིད་དམ། དེ་ནི་དངུལ་ཡོད་པའི་ཤེས་ཡོན་ཅན་གྱིས་བྱེད་རྒྱུའི་ལས་ཀ་རེད་ཅེས་ཡིད་ཆེས་མ་བྱས་པ་སོགས་ཀྱི་དཀའ་ངལ་ཆེན་པོ་འཕྲད་ཡོད་ལུགས་བརྗོད།
          ཀྲུང་ཡང་ལོ་33སྐབས་སུ་ཅུས་རིམ་པ་གཞོན་པ་སྟེ་ཀྲུང་གོ་ཚན་རིག་ཁང་ཝུའུ་ཧན་རྩི་ཤིང་ཞིབ་འཇུག་ཁང་གི་སུའུ་ཀྲང་གཞོན་པ་ཡིན་པ་དང་། 2000ལོར་མཐོ་རིམ་སློབ་གསོ་ཉམས་དམས་སུ་འགྲོ་བའི་སྐབས་ཧྥུའུ་ཏན་སློབ་ཆེན་དུ་ལས་སྒྱུར་བྱས་ནས་དགེ་རྒན་ཆེ་མོ་བ་དཀྱུས་མ་ཞིག་བྱས་ནས་བསྡད་པས་མི་གཞན་གྱིས་བསམ་ཤེས་དེ་ཙམ་ཐུབ་ཀྱི་མེད། ཁོང་གིས“རང་ཉིད་ལ་དགེ་རྒན་བྱེད་པའི་ལས་དབང་ཡོད”ཅེས་བརྗོད་ཀྱི་ཡོད། ཁོང་དགེ་རྒན་གྱི་ཁྱིམ་ཚང་ཞིག་ཏུ་སྐྱེས་པ་དང་ཁོང་མ་སྐྱེས་གོང་གི་ཆུ་ཚོད་གཅིག་ནང་ཁོང་གི་ཨ་མས་སློབ་མ་ཚོར་སློབ་ཁྲིད་བྱེད་བཞིན་ཡོད་པ་རེད།
          ཁོང་ནི་ཕུལ་དུ་བྱུང་བའི་ཚན་རིག་མཁས་ཅན་ཞིག་ཡིན་པ་དང་། འབྲི་ཆུའི་མཁས་དབང་དང“ཕུལ་བྱུང་གཞོན་ནུར”བདམས་པ་དང་། རྒྱལ་ཁབ་ཀྱི་ལག་རྩལ་གསར་སྤེལ་གྱི་བྱ་དགའ་རིམ་པ་གཉིས་པ་སོགས་བྱ་དགའ་མང་པོ་ཐོབ་མྱོང་ཡོད།
          ཁོང་ནི་སློབ་མ་ཀུན་གྱིས་ཁས་ལེན་པའི་དགེ་རྒན་ཡག་པོ་ཞིག་ཡིན་པ་དང་། ཁོང་གིས་སློབ་མ་ཚོར“བྱ་གཞག་སྒྲུབ་པར་སྔོན་ལ་མི་ཚུལ་ལྡན་ཞིག་བྱ་དགོས་པ་དང་མི་ཚུལ་ལྡན་ཞིག་བྱེད་པར་ཀུན་སྤྱོད་ཡག་པོ་དགོས་པའི”སློབ་གསོ་གཏོང་གི་ཡོད། ཕྱི་རོལ་ཡུལ་དུ་རྟོག་ཞིབ་བྱེད་རིང་ཉེན་ཁ་འཕྲད་པའི་སྐབས་ཁོང་གིས་མདུན་ཤོས་སུ་སྐྱོད་དེ་སློབ་མའི་བདེ་འཇགས་འགན་ལེན་བྱེད་ཀྱི་ཡོད། ཕྱི་རོལ་ཡུལ་དུ་རྟོག་ཞིབ་བྱེད་པའི་ཐོ་རེངས་མང་པོ་ཞིག་ཁོང་འཁྱག་ནས་མཆུ་ཏོ་སྨུག་པོར་གྱུར་རུང་སྡུག་རུས་ཀྱིས་ཞོགས་ཟས་བཟོ་བ་སོགས་བྱེད་ཀྱི་ཡོད་པ་དེ་ནི་ན་གཞོན་ཚོ་གཉིད་ཏོག་ཙམ་མང་བ་ཉལ་རྒྱུའི་ཆེད་དུ་རེད།
         ཁོང་ནི་སྒྱུར་བཅོས་ཧུར་ཐག་བྱེད་པ་དང་འགན་འཁྲི་ཁུར་ཕོད་མཁན་གྱི་འགོ་ཁྲིད་ཡག་པོ་ཞིག་རེད། 2012ལོ་ནས་བཟུང་། ཞིབ་འཇུག་སློབ་མའི་སློབ་གླིང་གི་ཡོན་ཀྲང་བྱས་རྗེས་ཞིབ་འཇུག་སློབ་མའི་སློབ་གསོའི་སྤུས་ཚད་འགན་ལེན་དང་མཐོ་རུ་གཏོང་བའི་ཐད་ཁོང་གིས་འབད་བརྩོན་ཆེན་པོ་བྱས་པ་དང་སྒྱུར་བཅོས་བྱེད་ཐབས་རབ་དང་རིམ་པ་འཚོལ་ཞིབ་ཀྱིས་བེད་སྤྱོད་བྱས་པས་རྒྱལ་ནང་གི་ལས་རིགས་གཅིག་པའི་ཚད་མཐོའི་གདེང་འཇོག་ཐོབ་ཡོད་པ་རེད།
          ཀྲུང་ཡང་གིས“ཚེ་སྲོག་གི་མཐོ་ཚད་ནི་རྣམ་པ་ཙམ་ཞིག་གཏན་ནས་མ་ཡིན། དངོས་རིགས་ཤིག་གིས་དེའི་ནུས་པ་རྒྱ་སྐྱེད་གཏོང་བར་ཤིན་ཏུ་ཞན་པའི་ཁོར་ཡུག་ལ་འགྲན་རྩོད་བྱེད་དགོས་སྐབས་རྟག་ཏུ་གདོང་ལེན་པ་ཁག་གཅིག་གིས་མི་སྒེར་གྱི་ཐོབ་ཆ་བློས་གཏོང་བྱས་ནས་ཚོགས་པ་དང་ཐ་ན་དངོས་རིགས་ཀྱི་འཚོ་གནས་བར་མཐོངས་གསར་པ་དང་འཕེལ་རྒྱས་ཀྱི་གོ་སྐབས་དང་བརྗེ་དགོས་ཀྱི་ཡོད། གུང་ཁྲན་ཏང་ཡོན་ནི་གདོང་ལེན་པ་དེ་རིཌ་རེད”ཅེས་གསུངས།
          སྒང་ལ་ལོ་བརྒྱ་བཅུ་ཡན་ལ་སླེབས་པའི་རྒན་རྒོན་བཞི་དང་འོག་ཏུ་ཕྲུ་གུ་མཚེ་མ་ཡོད་པ་དང་། དགེ་རྒན་གྱི་ཁྱིམ་ཚང་ཡིན་པའི་ཁོང་ཚོའི་འཚོ་བ་དེ་ཙམ་འབྱོར་ཕྱུག་ལྡན་པ་ཞིག་མིན་རུང་། ཁོང་གི་བཟའ་ཟླས་ཀྲུང་ཡང་གི་འཁོར་འཛོལ་གྱི་སྐྱིན་ཚབ་དངུལ་རྣམས་ཞལ་འདེབས་བརྒྱབ་ནས་ནུབ་རྒྱུད་ཀྱི་གྲངས་ཉུང་མི་རིགས་ས་ཁུལ་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་ལས་དོན་ཐད་སྤྱོད་རྩིས་ཡོད་པ་རེད། ཀྲང་ཞའོ་ཡན་གྱིས“རྒྱལ་ཁབ་ཀྱི་སློབ་གསོའི་བྱ་གཞག་ནི་ཁོང་གིས་སེམས་ཁྲལ་ཆེ་ཤོས་བྱེད་པའི་གནད་དོན་དེ་ཡིན་ལ། དེ་ནི་ང་ཚོའི་ནང་མི་ཚོས་ཀྲུང་ཡང་གིས་བྱས་མ་ཚར་བའི་བྱ་གཞག་ཆེད་ནུས་པས་ལྕོགས་ཚོད་ཀྱི་ལས་ཀ་བྱས་པ་ཙམ་ཞིག་ཡིན་པ་མ་ཟད། ཁོང་གིས་མཐོང་འདོད་པའང་དེ་རེད”ཅེས་བཤད།
          2017ལོའི་ཟླ་12པའི་ཟླ་དཀྱིལ་དུ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཧྲང་ཧའེ་གྲོང་ཨུད་ཀྱི་ཧྲུའུ་ཅི་ལི་ཆང་ཧྥུའུ་ཏན་སློབ་ཆེན་དུ་ཕེབས་ནས་ཀྲུང་ཡང་ལ“ཧྲང་ཧའེ་གྲོང་ཁྱེར་གྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན”གྱི་མཚན་སྙན་རྗེས་སྤྲོད་གནང་བ་རེད།
          ཀྲུང་ཡང་འཇིག་རྟེན་ཕྱི་མར་བཞུད་ཟིན་རུང་། ཁོང་གི་སྙིང་སྟོབས་ནམ་མཚོའི་བར་དུ་གནས་ངེས།
      

    ཕྱོགས་བསྡུས་གསར་འགྱུར།