འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྤྱི་ཅན་དུ་འགྱུར་ཚད་མགྱོགས་སུ་བཏང་བ་ལས་ཀྲུང་གོའི་གནས་བབ་མངོན་པ།

    འཇར་མན་དང་ཧྥ་རན་སེས་མི་དམངས་ཤོག་སྒོར་ཕྱི་དངུལ་གསོག་འཇོག་ནང་འཇུག་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་18ཉིན། 10:03】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་15ཉིན་འཇར་མན་རྒྱལ་ཕྲན་མཉམ་འབྲེལ་དངུལ་ཁང་(ཀྲུང་དབྱང་དངུལ་ཁང་)གིས་མི་དམངས་ཤོག་སྒོར་ཕྱི་དངུལ་གསོག་འཇོག་ནང་འཇུག་རྒྱུ་ཡིན་ཞེས་བརྗོད་པ་རེད། དེ་ཉིན་ཧྥ་རན་སེའི་སྨྱན་སྦྱོར་གྱིས་ཧྥ་རན་སེ་ཀྲུང་དབྱང་དངུལ་ཁང་ལ་ཕྱི་དངུལ་གསོག་འཇོག་མི་དམངས་ཤོག་སྒོར་ཁག་གཅིག་ཡོད་ཅེས་གནས་ཚུལ་སྤེལ་ཡོད་པ་རེད།
         དབྱེ་ཞིབ་མི་སྣས་འཇར་མན་དང་ཧྥ་རན་སེ་ཚུད་པའི་དེ་བས་མང་བའི་རྒྱལ་ཁབ་ཀྱི་ཀྲུང་དབྱང་དངུལ་ཁང་གིས་མི་དམངས་ཤོག་སྒོར་ཕྱི་དངུལ་གསོག་འཇོག་ཏུ་སྤྱད་པ་དེ་ཐོག་ནས་ཀྲུང་གོའི་རྒྱལ་སྤྱིའི་གནས་བབ་མཐོ་རུ་དང་མི་དམངས་ཤོག་སྒོར་གྱི་གོ་ལ་ཧྲིལ་པོའི་གལ་ཆེའི་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་མངོན་པའི་ངོས་འཛིན་བྱེད་ཀྱི་ཡོད།
        【གསར་འགྱུར་གྱི་དོན་དངོས】
         ཚེས་15ཉིན་འཇར་མན་རྒྱལ་ཕྲན་མཉམ་འབྲེལ་དངུལ་ཁང་(ཀྲུང་དབྱང་དངུལ་ཁང་)གི་ཏུང་ཧྲི་ལྷན་ཚོགས་ཀྱི་ཁོངས་མི་ཨན་ཏེ་ལི་ཡ་སི·ཏུང་པུ་ལེས་ཤང་ཀང་དུ་ཡོ་རོབ་ཀྲུང་དབྱང་དངུལ་ཁང་གིས་ན་ནིང་ཟླ་6པར་འཕར་སྣོན་རིན་ཐང་མཉམ་པའི་ཡོ་སྒོར་དུང་ཕྱུར་5ཡི་མི་དམངས་ཤོག་སྒོར་གྱི་ཕྱི་དངུལ་གསོག་འཇོག་བྱས་རྗེས་འཇར་མན་ཀྲུང་དབྱང་དངུལ་ཁང་གིས་ཀྱང་ན་ནིང་མི་དམངས་ཤོག་སྒོར་ཕྱི་དངུལ་གསོག་འཇོག་ཁོངས་སུ་འཇུག་རྒྱུའི་གཏན་འབེབས་བྱས་ཡོད་ཅེས་ར་སྤྲོད་བྱས་ཡོད་པ་རེད།
         འཇར་མན་ཀྲུང་དབྱང་དངུལ་ཁང་ནི་ཡོ་སྒོར་ཁུལ་གྱི་གསོག་འཇོག་གཞི་ཁྱོན་ཆེ་ཤོས་ཀྱི་ཀྲུང་དབྱང་དངུལ་ཁང་གི་གྲས་ཤིག་ཡིན་པ་དང་། དེའི་ཕྱི་དངུལ་གསོག་འཇོག་ནང་ཨ་སྒོར་དང་། རི་པིན་སྒོར་མོ། ཨོ་སི་ཁྲུ་ལི་ཡའི་སྒོར་མོ་སོགས་ཚུད་ཡོད་པ་རེད།
         ཧྥ་རན་སེའི“བྲག་ཅའི་ཚགས་པར”གྱིས་ཚེས་15ཉིན་གནས་ཚུལ་སྤེལ་ནས་ཕྱི་དངུལ་གསོག་འཇོག་གི་སྣ་མང་རང་བཞིན་གྱི་ཆ་ཞིག་ཡིན་པའི་ངོས་ནས་ཧྥ་རན་སེའི་ཀྲུང་དབྱང་དངུལ་ཁང་ལ་མི་དམངས་ཤོག་སྒོར་གྱི་མ་རྩ་ཁག་གཅིག་ཡོད་ཅེས་བརྗོད་ཡོད་པ་རེད།
        【དབྱེ་ཞིབ་གཏིང་ཟབ】
         འཇར་མན་དང་ཧྥ་རན་སེའི་ཀྲུང་དབྱང་དངུལ་ཁང་གི་བྱ་ཐབས་ཐད་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་འཛམ་གླིང་གི་ དཔལ་འབྱོར་དང་ཆབ་སྲིད་ཞིབ་འཇུག་སུའོ་ཡི་རྒྱལ་སྤྱིའི་དངུལ་རྩ་ཁང་གི་ཀྲུའུ་རེན་གཞོན་པ་ཤའོ་ལིས་ཧྲེང་གིས་འདི་ནི་མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་དུ་འགྱུར་རྒྱུའི་ཐད་ཐོབ་པའི་འཕེལ་རྒྱས་གལ་ཆེན་ཞིག་ཡིན་པ་དང་། དེ་ཐོག་ནས་ཀྲུང་གོའི་གནས་བབ་ལ་སྣང་ཆུང་དེ་བས་བྱེད་མི་ཉན་པ་གསལ་བཤད་ཐུབ་ཡོད། ཡིན་ནའང་དེ་དང་ཆབས་ཅིག་དོ་སྣང་བྱེད་དགོས་པ་ཞིག་ལ་རྒྱལ་ཁབ་དེ་དག་གི་ཕྱི་དངུལ་གསོག་འཇོག་བསྡོམས་འབོར་ཁྲོད་མི་དམངས་ཤོག་སྒོར་གྱིས་བཟུང་བའི་བསྡུར་ཚད་ད་དུང་མཐོ་པོ་མེད་པ་དང་། མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་དུ་འགྱུར་བའི་འགག་རྩ་ནི་ད་དུང་ཀྲུང་གོའི་ཁེ་ལས་དང་དངུལ་ཁང་རྒྱལ་སྤྱི་ཅན་དུ་འགྱུར་རྒྱུར་བརྟེན་དགོས་པའི་ངོས་འཛིན་བྱེད་ཀྱི་འདུག
         ཤའོ་ལི་ཧྲེང་གིས་མི་དམངས་ཤོག་སྒོར་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་(IMF)ཀྱི་དམིགས་བསལ་དངུལ་ལེན་དབང་ཆའི་(SDR)དངུལ་ལོར་གྱི་གྲལ་དུ་བཅུག་ཡོད། དེས་དངུལ་ལོར་གསོག་འཇོག་གི་འགན་ནུས་འཁུར་འགོ་ཚུགས་ནས་རྒྱལ་ཁབ་དེ་བས་མང་བ་ཞིག་ཏུ་རྒྱ་ཁྱབ་ངང་བེད་སྤྱོད་ཐུབ་ཡོད། དེ་གོང་ཧྥི་ལི་ཕིན་དང་ཨ་ཀེན་ཐིན་སོགས་གསར་དར་ཁྲོམ་རའི་རྒྱལ་ཁབ་མི་ཉུང་བ་ཞིག་གིས་མི་དམངས་ཤོག་སྒོར་ཕྱི་དངུལ་གསོག་འཇོག་ནང་བཅུག་ཡོད་ཅེས་བརྗོད་པ་རེད།
        【དཔྱད་གཏམ་དང་པོ】
         ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཡོངས་ཀྱི་སྟོབས་ཤུགས་ཆེ་རུ་ཕྱིན་པ་དང་བསྟུན་ནས་མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་གྱི་དངུལ་ལོར་དུ་འགྱུར་ངེས་ཡིན་པ་དང་། འདི་ནི་འགོག་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཤིག་རེད།
         རྒྱལ་ནང་གི་སྤྱི་དམངས་དཀྱུས་མའི་ངོས་ནས་བརྗོད་ཚེ“རྒྱལ་སྤྱིར་འགྲོ་རྒྱུག་ཆེ་བའི”མི་དམངས་ཤོག་སྒོར་གྱིས་དངོས་གནས་དྲང་གནས་ཀྱི་ཁེ་ཕན་ཐོབ་རྒྱུ་དང་། མི་དམངས་ཤོག་སྒོར་གཏོང་སྤྲོད་དེ་བས་སྟབས་བདེ་རུ་འགྲོ་རྒྱུ་རེད་ལ་ས་ཁོངས་ཕྱི་རོལ་དུ་ཅ་ལག་ཉོ་སྐབས་ཀྱི་འགྲོ་ལུགས་གྲོན་དངུལ་དང་དངུལ་བརྗེའི་གྲོན་དངུལ་ཚང་མ་དམའ་རུ་འགྲོ་རྒྱུ་རེད།
        【རྒྱབ་ལྗོངས་སྦྲེལ་མཐུད】
         2009ལོར་མི་དམངས་ཤོག་སྒོར་ས་ཁོངས་སྒྲོལ་བའི་ཚོང་དོན་བསྡོམས་རྩིས་བྱས་པ་ནས་བཟུང་མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་དུ་འགྱུར་བའི་ཐད་འཕེལ་རྒྱས་མྱུར་པོ་བྱུང་ཡོད།
         2016ལོའི་ཟླ་10པར་མི་དམངས་ཤོག་སྒོར་SDRགྱི་དངུལ་ལོར་འཆར་གཞིའི་ནང་དངོས་སུ་ཚུད་པ་དང་། དེ་ཐོག་ནས་མི་དམངས་ཤོག་སྒོར་རྒྱལ་སྤྱིའི་གསོག་འཇོག་དངུལ་ལོར་གཙོ་བོར་གྱུར་བ་མཚོན་ཡོད། འདི་ནི་མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་དུ་འགྱུར་བའི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་རེད།
         2017ལོའི་ཟླ་6པའི་བར་གོ་ལ་ཧྲིལ་པོར་དངུལ་རྩའི་སྒྲིག་གཞི་1900ལྷག་ཙམ་གྱིས་མི་དམངས་ཤོག་སྒོར་གཏོང་སྤྲོད་དངུལ་ལོར་ལ་སྤྱོད་ཀྱི་ཡོད། སིང་ཀ་ཕོར་དང་ཨུ་རུ་སུ་སོགས་རྒྱལ་ཁབ་དང་ས་ཁུལ་60ལྷག་ཙམ་གྱིས་མི་དམངས་ཤོག་སྒོར་ཕྱི་དངུལ་གསོག་འཇོག་ནང་བཅུག་ཡོད་པ་རེད།
         ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས།
      

    ཕྱོགས་བསྡུས་གསར་འགྱུར།