འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ལག་ཐོགས་ཁ་པར་གྱི་ཐོན་ལས་ཀྱི་གཞི་ཁྱོན་དང་འགྲན་རྩོད་ནུས་པ་ལོ་རེ་བཞིན་
    ཆེ་རུ་ཕྱིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་16ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ད་ཕན་ལོ་ཤས་རིང་ཀྲུང་གོའི་སྤུས་རྟགས་ལག་ཐོགས་ཁ་པར་གྱི་སྤུས་ཚད་ཞན་པའི་སྣང་ཚུལ་ལ་རྩ་བའི་ཆ་ནས་འགྱུར་ལྡོག་བྱུང་ཞིང་། ལག་རྩལ་གྱི་སྤུས་ཚད་དང་སྤུས་རྟགས་ཀྱི་ཕན་ནུས་རྒྱལ་སྤྱིའི་ཆུ་ཚད་དུ་སླེབས་བཞིན་ཡོད་པ་རེད། བཟོ་འཕྲིན་པུས་ཁྱབ་བསྒྲགས་བྱས་པའི་《ཀྲུང་གོའི་གློག་རྡུལ་ཆ་འཕྲིན་ཐོན་ལས་ཕྱོགས་བསྡུས་འཕེལ་རྒྱས་སྟོན་གྲངས་ཀྱི་ཞིབ་འཇུག་སྙན་ཞུ་》ལས་མངོན་པར། 2016ལོར་རང་རྒྱལ་གྱི་ལག་ཐོགས་ཁ་པར་ལས་རིགས་ཀྱི་ཕྱོགས་བསྡུས་འཕེལ་རྒྱས་ཀྱི་སྟོན་གྲངས་132ཟིན་པ་དེ་2015ལོ་ལས་20%འཕར་ཏེ་ལོ་གཉིས་བསྟུད་མར་འཕར་བའི་རྣམ་པ་མངོན་པ་མ་ཟད། རང་རྒྱལ་གྱི་ལག་ཐོགས་ཁ་པར་གྱི་ཐོན་ལས་ཀྱི་གཞི་ཁྱོན་དང་། འགྲན་རྩོད་ནུས་པ། ཞིབ་སྤེལ་གསར་གཏོད། འཕེལ་རྒྱས་ཀྱི་ཁོར་ཡུག་སོགས་ཀྱི་སྟོན་གྲངས་ཀྱང་འཕར་བའི་རྣམ་པ་ཐོན་ཡོད།
         སྙན་ཞུའི་ནང་མངོན་པར། 2016ལོར་རང་རྒྱལ་གྱི་ལག་ཐོགས་ཁ་པར་ལས་རིགས་ཀྱི་ཡོང་འབབ་འཕར་བའི་མྱུར་ཚད་འགོར་དུ་ཕྱིན་མོད། འོན་ཀྱང་གོ་ལ་ཧྲིལ་པོའི་ལས་རིགས་ཀྱི་མྱུར་ཚད་ལས་མགྱོགས་པ་ཡོད་ལ། རང་རྒྱལ་གྱི་ཐོན་ལས་གཞི་ཁྱོན་གྱི་ལེགས་ཆ་ཡང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་རེད། ས་གནས་ཀྱི་ལག་ཐོགས་ཁ་པར་བཟོ་གྲྭ་དང་ཚོང་ལས་ཀྱི་སྣེ་འདྲེན་ཁེ་ལས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་ཐོན་རྫས་རྩེ་གྲ་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་ཕྱིན་པ་དང་། ཀྲུང་གོའི་ཁེ་ལས་ཀྱི་ཞིབ་འཇུག་གསར་སྤེལ་མ་འཇོག་དང་ཤེས་བྱའི་ནང་དོན་མུ་མཐུད་མང་དུ་དང་ཕུན་སུམ་ཚོགས་སུ་ཕྱིན་པ་དང་། ལག་ཐོགས་ཁ་པར་བཟོ་གྲྭ་རིམ་གྱིས་ཐོན་ལས་འཁོར་འབྲེལ་དང་རིན་གོང་འཁོར་འབྲེལ་གྱི་མཐོ་རིམ་དུ་རྒྱ་བསྐྱེད་ཅིང་། རང་རྒྱལ་གྱིས་ཐོན་སྐྱེད་བྱས་པའི་ལག་ཐོགས་ཁ་པར་བྲིན་ཚད་མང་དུ་ཕྱིན་པ་དང་ཆབས་ཅིག ཀྲུང་གོའི་ལག་ཐོགས་ཁ་པར་གྱི་སྤུས་རྟགས་རིན་ཐང་ཡང་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།