འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་གླ་ཕོགས་ཚད་གཞི་དམའ་ཤོས་སྒོར་1650རུ་སྙོམས་སྒྲིག་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་15ཉིན། 15:06】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་སྔོན། གསར་འགོད་པས་བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་ཤེས་རྟོགས་བྱུང་གསལ་བྱུང་དུ། 《གླ་ཕོགས་དམའ་ཤོས་གཏན་འབེབས་》(དེ་སྔའི་ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་བཀའ་རྒྱ་ཨང་21པ།)དང་《བོད་རང་སྐྱོང་ལྗོངས་ཀྱི་གླ་ཕོགས་དམའ་ཤོས་གཏན་འབེབས་》སོགས་འབྲེལ་ཡོད་ཡིག་ཆའི་དགོངས་དོན་ལ་གཞིགས་ནས་བོད་རང་སྐྱོང་ལྗོངས་ཀྱི་གནས་ཚུལ་དངོས་དང་ད་ལྟའི་དཔལ་འབྱོར་གནས་བབ་གཉིས་ཟུང་འབྲེལ་བྱས་ཏེ་ད་ལྟ་ལག་ལེན་བསྟར་བཞིན་པའི་ཟླ་རེའི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་སྒོར་1400ནས་སྒོར་1650བར་དུ་སྙོམས་སྒྲིག་བྱས་པ་རེད། དུས་མཚུངས་སུ། ད་ལྟ་ལག་ལེན་བསྟར་བཞིན་པའི་ཆུ་ཚོད་རེར་གླ་ཕོགས་ཚད་གཞི་ཉུང་ཤོས་སྒོར་13ནས་སྒོར་16ཏུ་སྙོམས་སྒྲིག་བྱས་པ་རེད། སྙོམས་སྒྲིག་བྱས་རྗེས་ཀྱི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་དང་ཆུ་ཚོད་རེའི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་གཉིས་ཀ་2018ལོའི་ཟླ་དང་པོའི་ཚེས་1ཉིན་ནས་བཟུང་ལག་བསྟར་བྱེད་འགོ་ཚུགས་པ་རེད།
         རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་ངལ་རྩོལ་འབྲེལ་བ་ཁྲུའུ་ཡི་ལས་དོན་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན། 《བོད་རང་སྐྱོང་ལྗོངས་ཀྱི་གླ་ཕོགས་དམའ་ཤོས་ཀྱི་གཏན་འབེབས་》(བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བཀའ་རྒྱ་ཨང་108པ།)ཀྱི་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ན། གླ་ཕོགས་དམའ་ཤོས་སུ་མི་གཏོགས་པ་ནི་གཤམ་གསལ་གྱི་ཁག་ཡིན་པ་སྟེ། མི་སྤྱོད་ལས་ཁུངས་ཀྱིས་ངལ་རྩོལ་པར་དངུལ་ལོར་རང་བཞིན་མ་ཡིན་པའི་ཁ་གསབ་དང་། ལས་ཀ་བྱེད་ཡུན་རིང་དུ་བཏང་བའམ་ལས་སྣོན་དུས་སྣོན་བྱས་པའི་གླ་ཕོགས། ཉིན་མོའི་ལས་སྣོན་དང་མཚན་མོའི་ལས་སྣོན། ཚ་བ་ཆེ་བ་དང་ཚ་བ་ཆུང་བ། རླུང་གནོན་དམའ་བ། དོང་ནང་། དུག་ལྡན་གནོད་ལྡན་སོགས་དམིགས་བསལ་གྱི་ལས་ཀའི་ཁོར་ཡུག་དང་ཆ་རྐྱེན་འོག་ཐོབ་པའི་ཁ་གསབ། ཁྲིམས་ལུགས་ཁྲིམས་སྲོལ་དང་རྒྱལ་ཁབ་ཀྱིས་གཅིག་གྱུར་གཏན་འབེབས་བྱས་པའི་ངལ་རྩོལ་པའི་ཕན་བདེ་ཐོབ་སྐལ་སོགས་ཡིན་པ་རེད། ལས་ཀའི་གླ་ཕོགས་སམ་ཁ་སྣོན་གླ་ཕོགས་སོགས་སྤྲོད་པའི་རྣམ་པའི་མི་སྤྱོད་ལས་ཁུངས་ཀྱིས་ཚན་རིག་དང་མཐུན་པའི་ངང་ངལ་རྩོམ་ཚད་གཞི་བཟོས་ཏེ་ངལ་རྩོལ་པར་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་ལས་མི་དམའ་བ་ཞིག་སྤྲོད་དགོས་པ་རེད།
         ཤེས་རྟོགས་བྱུང་གསལ་དུ། གླ་ཕོགས་ཀྱི་ཚད་གཞི་དམའ་ཤོས་སྙོམས་སྒྲིག་བྱས་རྗེས། བོད་རང་སྐྱོང་ལྗོངས་ཀྱི་རིམ་ཁག་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་གླ་ཕོགས་ཀྱི་ཚད་གཞི་དམའ་ཤོས་ལག་བསྟར་བྱས་ཚུལ་རྟོག་ཞིབ་བྱ་རྒྱུ་ཡིན་པ་དང་། གླ་ཕོགས་ཀྱི་ཚད་གཞི་དམའ་ཤོས་སྙོམས་སྒྲིག་བྱས་པ་དང་ཁེ་ལས་ཀྱི་ཐེག་ནུས་དང་སྤྱི་ཚོགས་ལ་ཤུགས་རྐྱེན་ཐེབས་ཚུལ་ཚན་རིག་དང་མཐུན་པར་དཔྱད་དཔག་བྱས་རྗེས། འབྲེལ་ཡོད་གནས་ཚུལ་དུས་ཐོག་ཏུ་གོང་རིམ་ལ་ཞུ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།