འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅༎བོད་ལྗོངས་ཀྱི་འདི་ལོའི་གདན་ཞུའི་ཚོགས་འདུ་དང་པོའི་ཐོག་མཐོ་སློབ་སློབ་ཐོན་སློབ་མར་ལས་
    ཞུགས་ལས་གནས་7000ལྷག་ཙམ་མཁོ་འདོན་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་12ཉིན། 14:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་10ཉིན་བོད་ཀྱི་2018ལོའི་མཐོ་སློབ་སློབ་ཐོན་སློབ་མ་གདན་ཞུའི་ཚོགས་འདུ་ཆེ་གྲས་ལྷ་སར་འཚོགས་པ་དང་། བོད་སྡོད་ཀྲུང་དབྱང་ཁེ་ལས་དང་། ཀྲུང་དབྱང་ཐད་གཏོགས་ཁེ་ལས། དམངས་གཉེར་ཁེ་ལས་བཅས་ཀྱིས་ལས་གནས་7000ལྷག་ཙམ་མཁོ་འདོན་བྱས་ཡོད། འདི་ནི་2018ལོར་བོད་དུ་འཚོགས་པའི་མཐོ་སློབ་སློབ་ཐོན་སློབ་མར་ཕྱོགས་པའི་གདན་ཞུའི་ཚོགས་འདུ་ཆེ་གྲས་ཤིག་ཡིན།
         ད་ཐེངས་ཀྱི་གདན་ཞུའི་ཚོགས་འདུའི་ལས་གནས་དེ་དོ་དམ་དང་། ཇུས་འགོད། བྲིན་ཚོང་། དངུལ་རྩ། འཕྲུལ་ཆས། དྲ་རྒྱ། མི་སྤྱི་ཐོན་ཁུངས། འཕྲོད་བསྟེན། ལས་གྲྭ་སོགས་ཀྱི་ཆེད་ལས་མང་པོ་དང་འབྲེལ་བ་ཡོད། གདན་ཞུའི་ལས་གནས་དང་སློབ་གྲྭ་ཆེ་མོ་བའི་ཆེད་ལས་འཚམ་ཚད་80%ཡན་ཟིན་པ་དང་ཆེད་ལས་ཀྱི་བླང་བྱ་ནི་དངོས་གཞིའི་ཚན་ཁག་གིས་གཙོ་བོར་བྱེད་པ་དང་ལས་གནས་ཁག་གཅིག་ཆེད་སྦྱོང་ཚན་ཁག་གི་སློབ་རྒྱུད་བར་ལྷུག་ཏུ་བཏང་ཡོད།
         མཐོ་སློབ་སློབ་ཐོན་སློབ་མ་སྟོང་ཕྲག་ཁ་ཤས་ཀྱིས་ལོ་རྒྱུས་མདོར་བསྡུས་དང་ལག་ཁྱེར་འཁྱེར་ནས་གདན་ཞུའི་ཚོགས་འདུར་ཞུགས། གསར་འགོད་པས་གཞུང་ཁོངས་ཁེ་ལས་ཀྱི་གདན་ཞུའི་སྐར་ཁུང་མདུན་དུ་མིས་ཁེངས་ཡོད་པ་མཐོང་བྱུང་། རེ་སྨོན་གླ་ཕོགས་དང་ལས་གནས་གྲངས་འབོར་དེ་སློབ་ཐོན་སློབ་མའི་གདམ་ག་གལ་ཆེན་དུ་གྱུར་ཡོད།
         ལོ་23ལ་སླེབས་པའི་མཚོ་མོས་ཞོགས་པ་སྔ་པོ་ནས་གདན་ཞུ་བྱ་ཡུལ་དུ་བསྐྱོད་དེ་རང་ཉིད་ཀྱིས་དགའ་པོ་བྱ་ཡུལ་དང་རང་ལ་འཚམ་པའི་ལས་ཀ་འཚོལ་བཞིན་ཡོད། ཧྭ་ཏུང་རང་བྱུང་དང་བཟོ་སྐྲུན་རིག་པའི་སློབ་ཆེན་ནས་ཐོན་པའི་ཁོ་མོས་སྔོན་ལ་ཀྲུང་གོ་ཨར་སྐྲུན་ཅུས་དང་པོའི་ཚོགས་པའི་གདན་ཞུ་ཁུལ་དུ་འབྲེལ་ཡོད་ཡིག་ཆའི་རེའུ་མིག་འགོད་པར་བསྐྱོད། མཚོ་མོས། སློབ་གྲྭར་ཡང་གདན་ཞུའི་ཚོགས་འདུ་མང་པོ་འཚོགས་མོད། འོན་ཀྱང་ལས་ཀ་བྱ་ཡུལ་ཤར་རྒྱུད་ས་ཁུལ་དུ་ཡིན་པ་དང་ཕ་ཡུལ་དང་ཐག་རིང་བས། ཕ་ཡུལ་དུ་ལོག་སྟེ་ལས་ཀ་འཚོལ་བར་ཡོང་བ་ཡིན་ཞེས་བཤད།
         གོང་ཚེས་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་5པ་བར། མཐོ་སློབ་སློབ་ཐོན་སློབ་མ་8000ལྷག་ཙམ་ད་ཐེངས་ཀྱི་གདན་ཞུའི་ཚོགས་འདུར་ཞུགས་པ་དང་ས་གནས་ས་ཐོག་ཏུ་གདན་ཞུའི་མིང་བཀོད་མི་གྲངས་7700ལྷག་ཙམ་ཟིན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།