འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།མ་མཐའི་འཚོ་བ་འགན་ལེན་དུད་ཚང་སྤྱི་ཕན་ལས་ལ་ཞུགས་ནས་སྐར་མ་གསོག་རྒྱུའི་སྐུལ་
    མ་བཏང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་10ཉིན། 12:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་7ཉིན་མཐོ་ཚད་སྨི་བཞི་སྟོང་ཡན་ཡོད་པའི་ས་བབ་མཐོ་བའི་གྲོང་ཁྱེར་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལི་ཐང་རྫོང་དུ་གྲོང་ཚོའི་མ་མཐའི་འཚོ་བ་འགན་ལེན་གྱི་སྲིད་ཇུས་ལོངས་སུ་སྤྱོད་མཁན་དཀའ་ངལ་ཡོད་པའི་དུད་ཚང་ཁག་གཅིག་གྲོང་ཚོའི་ཕྱི་ནང་ཀུན་དུ་བསྐྱོད་དེ་གད་སྙིགས་སོགས་གཙང་ཕྱགས་བྱེད་བཞིན་མཆིས།
         “ཨ་ཅག་ལྷ་མོ། ཁྱེད་རང་ཡང་ཡོང་པས”ཞེས་གྲོང་མི་ཚོས་ལོ་50ལྷག་ཙམ་ལ་སོན་པའི་མ་མཐའི་འཚོ་བ་འགན་ལེན་དུད་ཚང་ལྷ་མོར་སྐད་ཆ་དྲིས་པ་དང་། ལྷ་མོས“ཁྱིམ་དུ་ཉལ་བསྡད་དེ་ལས་ཀ་མ་བྱས་ན་ག་ལ་འགྲིག སྤྱི་ཕན་ངལ་རྩོལ་ནང་ནུས་པས་ལྕོགས་ཚོད་ཀྱིས་ཞུགས་ན་སྐར་མ་བསགས་ཏེ་གཅེས་སེམས་དབུལ་སྐྱོར་སྒོ་རྩིས་ཚོང་ཁང་ནས་རྒྱུན་མཁོའི་འཚོ་བའི་སྤྱོད་ཆས་ལ་བརྗེ་ཆོག་པས་སྤྱི་ཕན་ལས་ནང་ལོས་ཞུགས”ཞེས་བཤད།
         ཚེས་7ཉིན་མ་མཐའི་འཚོ་བ་འགན་ལེན་གྱི་སྲིད་ཇུས་ལོངས་སུ་སྤྱོད་མཁན་མང་ཚོགས་40ལྷག་ཙམ་གྱིས་ལི་ཐང་རྫོང་དགའ་བ་གྲོང་རྡལ་གདོང་གྲུབ་གྲོང་ཚོ་དང་སྐྱ་གཞི་གྲོང་ཚོ་སོགས་སུ་ནུས་པས་ལྕོགས་ཚོད་ཀྱིས་འོས་འགན་ངལ་རྩོལ་བྱས་ཤིང་། ཁོང་ཚོས་གྲོང་སྡོད་ལས་བྱེད་པའི་སྣེ་འཁྲིད་འོག“ཕན་མེད་བརྡ་ཁྱབ”བཀོག་པ་དང་གྲོང་ཚོའི་ལམ་གཡས་གཡོན་གྱི་གད་སྙིགས་གཙང་ཕྱགས་བྱས་པས་གྲོང་ཚོའི་རྣམ་པ་གསར་རྐྱང་དུ་གྱུར་ཡོད།
         དགའ་བ་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཉི་མ་ཚེ་རིང་གིས“དེས་མ་མཐའི་འཚོ་བ་འགན་ལེན་བྱེད་མཁན་ཚོར་བསམ་པའི་སྒུལ་ཤུགས་སྦྱིན་ནས་ངལ་རྩོལ་བྱས་པ་ལས་ཁོང་ཚོའི་རིན་ཐང་ཚོར་སེམས་ཆེ་རུ་འགྲོ་ཐུབ”ཅེས་བཤད།
         2017ལོར་ལི་ཐང་གི་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་དུད་ཚང་གི་ཚད་གཞི་ནི་ལོར་ཡོང་འབབ་སྒོར་2700མན་ཆད་ཡིན་པ་དང་དབུལ་པོའི་ཚད་གཞི་ནི་ལོར་ཡོང་འབབ་སྒོར་3300མན་ཆད་ཡིན་པ་རེད། མ་མཐའི་འཚོ་བ་འགན་ལེན་བྱེད་ཐབས་ཀྱིས་དབུལ་སྐྱོར་ལས་དོན་སྤེལ་ཡུལ་མི་སྣར་མཐའ་སྐྱོང་ཐུབ་ཡོད་མོད། འོན་ཀྱང་དེ་སྔ་གྲོང་ཚོ་ཁག་གཅིག་ཏུ“སྒུག་བརྟེན་སློང་གསུམ”གྱི་རྣམ་པ་ཡང་ཐོན་མྱོང་ཡོད། ལི་ཐང་རྫོང་གིས་《ལི་ཐང་རྫོང་གི་མ་མཐའི་འཚོ་བ་འགན་ལེན་ལོངས་སུ་སྤྱོད་མཁན་གྱིས་ཤང་གྲོང(སྡེ་ཁུལ)གི་འོས་འགན་ལས་ཀ་བྱེད་པའི་གནས་སྐབས་ལག་བསྟར་བྱ་ཐབས་》བཏོན་པའི་དམིགས་ཡུལ་ནི་མ་མཐའི་འཚོ་བ་འགན་ལེན་ལོངས་སྤྱོད་བྱེད་མཁན་ཚོས“ཕན་པ་གང་ནས་བྱུང་བ་དང་སུ་ལ་དྲིན་ལན་འཇལ་དགོས་པ”གསལ་པོ་ཤེས་པར་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་སྤྱི་ཚོགས་ལ་དྲིན་ལན་འཇལ་རྒྱུ་དེ་རེད།
         ལི་ཐང་རྫོང་དམངས་སྲིད་ཅུས་ཀྱི་ཅུས་ཀྲང་ལེའོ་ཀྲུང་གིས་རྫོང་ཡོངས་སུ་མ་མཐའི་འཚོ་བ་འགན་ལེན་དུད་ཚང་749དང་མི་གྲངས་1150ཡོད། ཆ་རྐྱེན་ངེས་ཅན་ལྡན་པའི་མ་མཐའི་འཚོ་བ་འགན་ལེན་དུད་ཚང་གིས་གྲོང་གསེབ་ཀྱི་ཁོར་ཡུག་གཙང་སྦྲ་འཕྲོད་བསྟེན་དང་སྐོར་ཞིབ་སོགས་སྤྱི་ཕན་བྱ་སྤྱོད་ནང་ཞུགས་ནས་འཚོ་བའི་ཡོང་ཁུངས་མེད་པ་དང་། ངལ་ནུས་ཤོར་བ། དབང་པོ་སྐྱོན་ཅན་ཚབས་ཆེན་སོགས་ལ་རོགས་རམ་དང་ཞབས་འདེགས་ཞུ་བཞིན་ཡོད་ལ། དེའི་ནང་ཞུགས་ཐུབ་རུང་མི་ཞུགས་མཁན་ལ་ཁ་ཏ་བསླབ་བྱ་བྱས་ཡོད་ཅེས་ངོ་སྤྲོད་བྱས།
    སྤྱི་ཕན་ངལ་རྩོལ་ནང་ཞུགས་མཁན་མ་མཐའི་འཚོ་བ་འགན་ལེན་དུད་ཚང་རེས་ཉིན་རེར་སྐར་མ་5རེ་བསགས་ནས་ལི་ཐང་གི་གཅེས་སེམས་དབུལ་སྐྱོར་སྒོ་རྩིས་ཚོང་ཁང་ནས་རིན་གོང་དེ་དང་མཚུངས་པའི་རྒྱུན་མཁོའི་འཚོ་བའི་སྤྱོད་ཆས་ལེན་ཆོག ངལ་རྩོལ་བྱེད་པ་ཕུད་ད་དུང་སྐར་མ་གསོག་སྟངས་ནང་ལྟ་སྐོར་དང་སློབ་སྦྱོང་སོགས་ཀྱི་ནང་དོན་ཡང་ཚུད་དེ་ཐབས་ལམ་མང་པོར་བརྟེན་ནས་རང་ངོས་ཀྱི་འཇོན་ཐང་ཆེ་རུ་གཏོང་གི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།