འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།"རྒྱུད་གཅིག་ལམ་གཅིག"དང་ཁམ་ཕུ་ཁྲེའི"ཟུར་བཞིའི་འཐབ་ཇུས"སྦྲེལ་མཐུད་འཕེལ་རྒྱས་བཏང་བ།

    —— ཀྲུང་ཁམ་དཔལ་འབྱོར་ཚོང་དོན་མཉམ་འབྲེལ་གྱི་ལེའུ་གསར་པ་བརྩམས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་10ཉིན། 12:33】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཁམ་ཕུ་ཁྲེའི"ཟུར་བཞིའི་འཐབ་ཇུས"ནི་ཉེ་བའི་ལོ་བཅུ་གྲངས་རིང་ཁམ་ཕུ་ཁྲེའི་རྒྱལ་ཁབ་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་མཛུབ་སྟོན་བྱེད་པའི་འཐབ་ཇུས་འཆར་འགོད་ཅིག་རེད་ལ། ཀྲུང་གོའི"རྒྱུད་གཅིག་ལམ་གཅིག"གི་གྲོས་འགོ་བཏོན་ནས་ལོ་4ལྷག་ཙམ་རིང་། ཞིང་ལས་དང་། ནུས་རྒྱུ། འགྲིམ་འགྲུལ་སོགས་ཁྱབ་ཁོངས་དང“ཟུར་བཞིའི་འཐབ་ཇུས”ནུས་ཆེའི་སྦྲེལ་མཐུད་ཐུབ་ནས། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཐད་ཕན་ཚུན་ལེགས་ཆ་གསབ་རེས་ཀྱིས་གཏིང་ཤུགས་འཕེལ་བར་སྐུལ་མ་ཐེབས་ཏེ་ཀྲུང་ཁམ་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་ལེའུ་གསར་པ་བརྩམས་ཡོད་པ་རེད།
         ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་སེན་གྱིས། རྒྱུད་གཅིག་ལམ་གཅིག་གིས་ཁམ་ཀྲུང་རྒྱལ་ཁབ་གཉིས་མཉམ་དུ་འཕེལ་རྒྱས་གཏོང་བའི་ཐད་ལ་དོན་སྙིང་གལ་ཆེན་ལྡན་པར། ཚད་མཐོའི་གདེང་འཇོག་བྱས་པ་དང་། ཁོང་གིས་བལྟས་ན། ཕན་ཚུན་དབར་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་རོགས་ཟླའི་རྒྱལ་ཁབ་དབར་གྱི་འཕེལ་རྒྱས་ཀྱི་སྲིད་ཇུས་མཐུན་སྦྱོར་ལ་སྣང་ཆེན་བྱེད་པ་ནི། "རྒྱུད་གཅིག་ལམ་གཅིག"འཛུགས་སྐྲུན་གྱི་ཁྱད་ཆོས་ཤིག་རེད། "ཁམ་ཕུ་ཁྲེར་མཚོན་ན། ‘རྒྱུད་གཅིག་ལམ་གཅིག’གི་གྲོས་འགོ་དང་ཁམ་ཕུ་ཁྲེའི་རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་ཧ་ཅང་འཚམ་པ་དང་། ལྷག་པར་དུ་ཁམ་ཕུ་ཁྲེ་སྲིད་གཞུང་གིས་མིག་སྔར་སྐུལ་སྤེལ་གཏོང་བཞིན་པའི‘ཟུར་བཞིའི་འཐབ་ཇུས’ཀྱི་དུས་མཚམས་གསུམ་པ་དང་དེ་བཞིན་བཟོ་ལས་འཕེལ་རྒྱས་ཀྱི་སྲིད་ཇུས་དང་ཕན་ཚུན་སྦྲེལ་མཐུད་ཐུབ་ཡོད"
         ཁམ་ཕུ་ཁྲེ་སྲིད་གཞུང་གིས་2004ལོར་སྲིད་འཛིན་དོ་དམ་ལེགས་སུ་གཏོང་བ་ལྟེ་བར་བཟུང་ཐོག་ཞིང་ལས་འཕེལ་མགྱོགས་སུ་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། མ་འཇོག་དང་ཤེས་ལྡན་པའི་ཐོན་ཁུངས་གསར་སྤེལ་སྔར་ལས་མང་བ་འགུག་པ་བཅས་ཀྱི“ཟུར་བཞིའི་འཐབ་ཇུས”བཏོན་པ་དང་། འཐབ་ཇུས་དེའི་དམིགས་ཡུལ་ནི། དོ་དམ་ནུས་ལྡན་དང་སྒྱུར་བཅོས་གཏིང་ཟབ་བྱས་པ་བརྒྱུད། ཁམ་ཕུ་ཁྲེའི་དཔལ་འབྱོར་འཕར་བར་སྐུལ་འདེད་དང་། མང་ཚོགས་ཀྱི་ལས་ཞུགས་གནད་དོན་ཐག་གཅོད། སྤྱི་ཚོགས་འདྲ་མཉམ་དང་དྲང་གཞག་འགན་ལེན་བཅས་ཀྱི་ཆེད་དུ་ཡིན་པ་རེད།
         "ཟུར་བཞིའི་འཐབ་ཇུས"ཁྱབ་ཁོངས་མང་པོའི་ཐད་ནས"རྒྱུད་གཅིག་ལམ་གཅིག"གི་གྲོས་འགོ་དང་ཧ་ཅང་འཚམ་པོ་ཡོད། འཕེལ་རྒྱས་ཀྱི་འདུ་ཤེས་སྦྲེལ་མཐུད་བྱས་པ་ལས་མཉམ་ལས་རྣམ་གྲངས་གལ་ཆེན་མང་པོར་འཕེལ་རིམ་བྱུང་བ་དཔེར་ན། ཞན་ལི་ཝུའུ་ཀོ་རྒྱལ་སྤྱིའི་གནམ་ཐང་དང་ཕ་ནོམ་ཕེན་ནས་ཤིས་ཧ་ནོ་ཁེ་གྲུ་ཁ་བར་གྱི་མྱུར་བགྲོད་གཞུང་ལམ་སོགས་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་དང་། སང་ཧོ་གཙང་པོའི་རིམ་གཉིས་ཆུ་ཤུགས་གློག་ཁང་སོགས་ནུས་རྒྱུའི་རྣམ་གྲངས། ཁམ་ཕུ་ཁྲེའི་གླིང་དབར་མཚོ་འོག་གློག་ཁྲིད་རྣམ་གྲངས་དང་པོ་སོགས་ལྟ་བུ་རེད།
         ལྟ་ཞིབ་མི་སྣར་དོ་སྣང་བྱུང་བར། ཀྲུང་ཁམ་ཕྱོགས་གཉིས་ཀྱིས"རྒྱུད་གཅིག་ལམ་གཅིག"འཛུགས་སྐྲུན་དང“ཟུར་བཞིའི་འཐབ་ཇུས”སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བ་གོ་སྐབས་སུ་བཟུང་ནས་མཉམ་ལས་བྱེད་རྒྱ་ཆེ་རུ་དང་འཕེལ་རྒྱས་མགྱོགས་སུ་བཏང་བ་སྟེ། ཕྱོགས་གཅིག་ནས་རྣམ་གྲངས་དོན་འཁྱོལ་ལ་དམ་འཛིན་གྱིས་ཞིབ་ཆའི་འགན་སྒོ་ནན་པོ་སྲུང་རྒྱུར་ཤུགས་སྣོན་བརྒྱབ་ནས་རྣམ་གྲངས་ཁག་ཁམ་ཕུ་ཁྲེ་རྒྱལ་ནང་གི་འབྲེལ་ཡོད་ལས་རིགས་ཀྱི་ཚད་གཞི་དང་དཔེ་སྟོན་དུ་འགྱུར་བར་བྱས་པ་དང་། ཕྱོགས་གཞན་ཞིག་ནས་ཁམ་ཕུ་ཁྲེའི་ལས་རིགས་ཁག་གི་འཕེལ་རྒྱས་གོ་སྐབས་ལ་དམ་འཛིན་བྱས་ཐོག་ཀྲུང་གོའི་ལག་རྩལ་དང་ཀྲུང་གོའི་ཉམས་མྱོང་ནང་འདྲེན་བྱས་ནས་རྒྱལ་ཁབ་གཉིས་ཀྱི་ཕུགས་ཀྱི་མཉམ་ལས་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིངས་ཡོད་པ་རེད།
         བསྡོམས་རྩིས་བྱས་པར་གཞིགས་ན། 2017ལོའི་ཟླ་དང་པོ་ནས་བཅུ་པའི་བར། ཀྲུང་གོས་བསྡོམས་ཁམ་ཕུ་ཁྲེར་གྲོས་མཐུན་མ་འཇོག་ཨ་སྒོར་དུང་ཕྱུར་125.7བྱས་པ་དེས་ཁམ་ཕུ་ཁྲེས་ཕྱི་རྒྱལ་གྱི་མ་འཇོག་འགུག་པའི་བསྡོམས་འབོར་གྱི་36.4%ཟིན་ནས་ཀྲུང་གོ་ཁམ་ཕུ་ཁྲེའི་ཕྱི་རྒྱལ་གྱི་མ་རྩ་ཡོང་ཁུངས་ཆེ་ཤོས་ཀྱི་རྒྱལ་ཁབ་ཏུ་གྱུར་པ་དང་ཆབས་ཅིག ཁམ་ཕུ་ཁྲེའི་ཉོ་ཚོང་དོན་རོགས་ཟླ་ཆེ་གྲས་ཨང་དང་པོ་དང་ཡུལ་སྐོར་བའི་ཡོང་ཁུངས་ཆེ་གྲས་ཨང་དང་པོར་ཡང་གྱུར་ཡོད་པ་རེད།
         ཁམ་ཕུ་ཁྲེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་ཚོང་ལས་ཚན་ཙན་ལི་ཨན་གྱིས་གསར་འགོད་པར། 2017ལོའི་ཟླ་དང་པོ་ནས་བཅུ་གཅིག་པའི་བར། ཀྲུང་ཁམ་ཕྱོགས་གཉིས་ཀྱི་ཉོ་ཚོང་བསྡོམས་འབོར་ཨ་སྒོར་དུང་ཕྱུར་52.7ཟིན་པ་དེ་དུས་མཚུངས་ལས་23.3%འཕར་ཏེ། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་དབར་གྲོས་མཐུན་བྱུང་བའི་ཨ་སྒོར་དུང་ཕྱུར་50ཡི་ཉོ་ཚོང་དམིགས་ཚད་སྔ་ས་ནས་མངོན་འགྱུར་བྱུང་བ་དང་། ཀྲུང་གོའི་མ་འཇོག་གློག་འདོན་ཁེ་ལས་ནི་མིག་སྔའི་ཁམ་ཕུ་ཁྲེའི་གློག་ཤུགས་མཁོ་འདོན་ཁེ་ལས་ཆེ་ཤོས་ཡིན་པ་དང་། ཀྲུང་གོའི་ཁེ་ལས་ཀྱིས་མ་དངུལ་བཏང་ནས་ཁམ་ཕུ་ཁྲེའི་འོད་སྐུད་རིང་ཤོས་དེ་ཁྲིད་པ་དང་། ཀྲུང་གོས་ཁམ་ཕུ་ཁྲེར་འཛུགས་སྐྲུན་བྱས་པའི་ལམ་དང་། ཟམ་པ། ཆུ་བེད་སྒྲིག་ཆས། གློག་དྲ་སོགས་ཀྱིས་ཁམ་ཕུ་ཁྲེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་བརྗོད།
         ཁམ་ཕུ་ཁྲེའི་དཔལ་འབྱོར་དང་ནོར་སྲིད་བློན་ཆེན་ཨང་ཕིང་མོ་ཉི་ལོ་ཡིས། “རྒྱུད་གཅིག་ལམ་གཅིག”གིས་དུས་ཡུན་རིང་འབྲིང་ནང་ཁམ་ཕུ་ཁྲེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་གཙོ་བོ་གཤམ་གྱི་ཕྱོགས་ཁག་ནས་མངོན་པ་སྟེ། ཕན་ཚུན་སྦྲེལ་མཐུད་འཕེལ་རྒྱས་བཏང་བས་འགྲིམ་འགྲུལ་མ་གནས་དམའ་རུ་དང་། ཉོ་ཚོང་གཞི་ཁྱོན་ཆེ་རུ། ཚོང་དོན་ལས་རིམ་མགྱོགས་སུ། ཟོག་འགྲེམས་ཁྱབ་ཁྱོན་ཆེ་རུ་བཅས་གཏོང་རྒྱུ་དང་། རྒྱལ་མཚམས་སྒྲོལ་བའི་མ་འཇོག་ལ་སྐུལ་འདེད་གཏོང་རྒྱུ། ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལེགས་སུ་བཏང་ནས་ཡུལ་སྐོར་རྣམ་གྲངས་མཉམ་འབྲེལ་གསར་སྤེལ་དང་ཡུལ་སྐོར་ཐོན་ལས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ། དངུལ་རྩའི་སྒྲིག་གཞིའི་བར་གྱི་མཉམ་ལས་ལ་སྐུལ་འདེད་བཏང་ནས་ཁམ་ཕུ་ཁྲེའི་རྨང་གཞིའི་སྒྲིག་བཀོད་ཐད་ཀྱི་མ་འཇོག་ལ་མ་དངུལ་ཡོང་ཁུངས་སྔར་ལས་མང་བ་མཁོ་འདོན་བྱ་རྒྱུ། རྨང་གཞིའི་སྒྲིག་བཀོད་དང་། ཞིང་ལས། བཟོ་ལས། རིག་གནས། ཡུལ་སྐོར། དངུལ་རྩ། ཁོར་ཡུག་སྲུང་སྐྱོང་། ཚན་རྩལ་སོགས་ཕྱོགས་མང་པོའི་ཐད་ཀྱི་ཁམ་ཀྲུང་རྒྱལ་ཁབ་གཉིས་དབར་གྱི་ཉམས་མྱོང་དང་ལག་རྩལ་སྤེལ་རེས་ལ་སྐུལ་འདེད་གཏོང་རྒྱུ་བཅས་རེད།

      

    ཕྱོགས་བསྡུས་གསར་འགྱུར།