འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་དགོན་པ་ཞིག་གི་རྒྱལ་ཁབ་རིམ་པའི་རིག་དངོས་ཤིག་བོར་བརླག་ཤོར་བའི་གྱོད་
    དོན་རྩད་ཆོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་09ཉིན། 15:29】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་ལྗོངས་ཀྱི་དགོན་པ་ཞིག་གི་རྒྱལ་ཁབ་རིམ་པའི་རིག་དངོས་ཤིག་བོར་བརླག་ཤོར་བའི་གྱོད་
དོན་རྩད་ཆོད་པ།
         མི་དམངས་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་6ཉིན། གསར་འགོད་པས་བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་ཉེན་རྟོག་ཕྱོགས་ནས་ཤེས་རྟོགས་བྱུང་གསལ་དུ། དུས་ཡུན་ལོ་གཉིས་འགོར་རྗེས། ལྷུན་གྲུབ་རྫོང་གི་སྟག་ལུང་དགོན་ནས་རྒྱལ་ཁབ་རིམ་པའི་རིག་དངོས་ལྷ་སྐུ་བོར་བརླག་ཤོར་བའི་གྱོད་དོན་ཉེ་ཆར་རྩད་ཆོད་པ་དང་། ཉེན་རྟོག་ཕྱོགས་ཀྱིས་རྩད་ཆོད་ལག་སོན་བྱུང་བའི་ལྷ་སྐུ་གཉིས་ཀ་རྗེས་འདེད་ཐུབ་པ་མ་ཟད། སྟག་ལུང་དགོན་པར་རྩིས་སྤྲད་པ་རེད།
         སྟག་ལུང་དགོན་ནི་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གི་བྱང་རྒྱུད་དུ་ཡོད་ལ། དགོན་པ་དེ་སྤྱི་ལོ་1180ལོར་ཕྱག་བཏབ་པ་དང་། བོད་བརྒྱུད་ནང་བསྟན་གྱི་སྟག་ལུང་བཀའ་རྒྱུད་ཀྱི་མ་དགོན་ཡིན་པ་རེད།
         ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུད་ཀྱིས་ཡོངས་བསྒྲགས་བྱས་པ་ལྟར་ན། 2015ལོའི་ཟླ་7ཚེས་11ཉིན་གྱི་དགོང་མོར། ལྷུན་གྲུབ་རྫོང་གི་སྟག་ལུང་དགོན་ནས་རིག་དངོས་རྐུ་ཁྱེར་གྱི་གྱོད་དོན་ཞིག་བྱུང་ལ། རྒྱལ་ཁབ་ཀྱི་རིམ་པའི་གཉིས་པའི་རིག་དངོས་དུས་རབས་བཅུ་བཞི་པའི"མི་སྐྱོད་པའི"སྐུ་ཞིག་དང་རྒྱལ་ཁབ་ཀྱི་རིམ་པ་གསུམ་པའི་རིག་དངོས་སྤྱན་རས་གཟིགས་ཀྱི་སྐུ་ཞིག་བཅས་ལྷ་སྐུ་བཞི་རྐུ་ཤོར་བ་རེད།
         གྱོན་དོན་བྱུང་རྗེས། ལྷུན་གྲུབ་རྫོང་སྤྱི་བདེ་ཅུད་ཀྱིས་དུས་ཐོག་ཏུ་གྱོད་དོན་བྱུང་ཡུལ་དངོས་སུ་རྟོག་ཞིབ་དཔང་ལེན་དང་ཡུལ་དངོས་སུ་ཞིབ་བཤེར་བྱས་པ་རེད། དེ་རྗེས། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུད་ཀྱིས་ཆེད་དོན་རྟོག་ཞིབ་ཚོགས་པ་བཙུགས་པ་རེད། དེ་ནས་ལོ་གཅིག་རིང་ལ། ས་གནས་དེ་གའི་ཉེན་རྟོགས་ཕྱོགས་ཀྱིས་གྱོད་དོན་བྱུང་ཁུལ་དུ་བརྟག་དཔྱད་ཞིབ་ཚགས་ཀྱི་ལས་དོན་བསྒྲུབས་པ་དང་། རྟོག་ཞིབ་དང་རྩད་ཞིབ།  དབྱེ་ཞིབ། ཞིབ་བསྡུར་སོགས་ཞིབ་ཚགས་དམ་ནན་བྱས་རྗེས། 2017ལོའི་ཟླ་11པའི་ཟླ་སྨད་དུ། ཆེད་དོན་རྟོག་ཞིབ་ཚོགས་པས་དོགས་ཡོད་མི་སྣ་གཉིས་གཏན་འཁེལ་བྱས་པ་རེད།
         བཀོད་སྒྲིག་ཞིབ་ཚགས་བྱས་པ་བརྒྱུད། ཟླ་12པའི་ཟླ་སྟོད་ལ། ཆེད་དོན་རྟོག་ཞིབ་ཚོགས་པས་ལམ་གཉིས་བརྒྱུད་ནས་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཔལ་ཡུལ་རྫོང་དང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གཉིས་སུ་ཕྱིན་ཏེ་དོགས་ཡོད་མི་སྣ་ཉིའུ་ཆེ་གེ་མོ་དང་ཞ་ཆེ་གེ་མོ་གཉིས་ཀ་བཟུང་བར་མ་ཟད། ཉིའུ་ཆེ་གེ་མོས་ཁྱིམ་ཚང་དུ་ལྐོག་ཉར་བྱས་པའི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་རིག་དངོས་དུས་རབས་བཅུ་བཞི་པའི"མི་སྐྱོད་པའི"སྐུ་དང་རྒྱལ་ཁབ་ཀྱི་རིམ་པ་གསུམ་པའི་རིག་དངོས་སྤྱན་རས་གཟིགས་ཀྱི་སྐུ་གཉིས་རྩད་ཆོད་ལག་སོན་བྱུང་བ་རེད།
         གྱོན་དོན་མ་བྱུང་གོང་ལ། དོགས་ཡོད་མི་སྣ་གཉིས་ཀྱིས་ལྷ་ས་གྲོང་ཁྱེར་ནས་སྦག་སྦག་བཞོན་ཏེ་ལྷུན་གྲུབ་རྫོང་གི་སྟག་ལུང་དགོན་དུ་ཕྱིན་པ་དང་། མུན་རུབ་རྗེས། དགོན་པའི་གྱང་ར་བརྒལ་ནས་ལྷ་སྐུ་རྐུ་ཁྱེར་བྱས་པ་རེད། ལྷུན་གྲུབ་རྫོང་སྤྱི་བདེ་ཅུད་ཀྱི་ཉེས་དོན་ཉེན་རྟོག་རུ་ཆེན་གྱི་འགོ་པ་མཁས་བཙུན་ཆོས་གྲགས་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། རྐུ་ཁྱེར་བྱས་པའི་ལྷ་སྐུའི་ཁྲོད་དུ་རྒྱལ་ཁབ་རིམ་པའི་རིག་དངོས་ཡོད་པས། དོགས་ཡོད་ཉེས་ཅན་ལ་རིག་དངོས་ངོས་འཛིན་གྱི་ནུས་པ་ཆེན་པོ་ཡོད་པ་རེད། 
         ད་ལྟ། དོགས་ཡོད་ཉེས་ཅན་གཉིས་ཀ་ཁྲིམས་མཐུན་ལྟར་ཉེས་དོན་བཀག་ཉར་བྱས་ཡོད་པ་དང་། ལག་སོན་བྱུང་བའི་ལྷ་སྐུ་གཉིས་སྟག་ལུང་དགོན་པར་རྩིས་སྤྲད་ཡོད་ལ། ལྷ་སྐུ་གཞན་པ་གཉིས་སྔར་བཞིན་བརྟག་དཔྱད་བྱེད་བཞིན་ཡོད་ཅིང་། ཉེན་རྟོག་ཕྱོགས་ལ་འབྲེལ་ཡོད་ཁུངས་སྣེ་ཐོབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།