འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཀོང་ཏུང་གི་ཉེན་རྟོག་པས་APPཡི་ཁ་བསླུས་རྒྱག་མཁན་ཚོགས་པ་མང་དག་ཅིག་གཏོར་བ།

    གྱོད་འབྲེལ་མ་དངུལ་སྒོར་དུང་ཕྱུར་1ལྷག་ཙམ་བཀག་འདོམས་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་09ཉིན། 14:11】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་7ཉིན་གྱི་ཕྱི་དྲོར་ཀོང་ཏུང་ཞིང་ཆེན་སྤྱི་བདེ་ཐིང་གིས་བརྡ་ཁྱབ་བཏང་བ་གཞིར་བཟུང་། སྤྱི་བདེ་པུའི་མཐུན་སྦྱོར་བཀོད་འདོམས་འོག ཉེ་དུས་ཐིང་དེས་ཀྲུའུ་ཧའེ་དང་། ཧྲན་ཐོའུ། ཏུང་ཝན་སོགས་ས་གནས་དང་གྲོང་ཁྱེར་གྱི་སྤྱི་བདེ་ལས་ཁུངས་11སྒྲིག་འཛུགས་བྱས་ཏེ་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ས་ཆ་13ལ་དུས་གཅིག་ཏུ“བདེ་འཇགས་དྲ་རྒྱ་ཨང་20པ”ཞེས་པའི་ལག་ཐོགས་ཁ་པར་གྱི་APPཡི་དྲ་རྒྱའི་ཁ་བསླུས་རྒྱག་སྟངས་གསར་པར་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་ནས། གྱོད་འབྲེལ་ཀུང་སི་21མེད་པར་བཟོས་པ་དང་། ཉེས་གསོག་དོགས་ཅན་600ལྷག་ཙམ་བཟུང་བ། མ་དངུལ་སྒོར་དུང་ཕྱུར་1ལྷག་ཙམ་བཀག་འདོམས་བྱས་པ། ཞབས་ཞུའི་ཡོ་བྱད་400ལྷག་ཙམ་གཞུང་བཞེས་བཏང་བ། གློག་ཀླད་དང་། ལག་ཐོགས་ཁ་པར། རྩིས་ཐོ་སོགས་ཀྱི་གྱོད་འབྲེལ་དངོས་ཟོག་ཁག་གཅིག་བཙན་ཉར་བྱས་པ་རེད།
         2017ལོའི་ཟླ་8པར། ཀོང་ཏུང་ཞིང་ཆེན་སྤྱི་བདེ་ཐིང་དྲ་རྒྱའི་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གིས་ལས་དོན་སྤེལ་རིང་། ལག་ཐོགས་ཁ་པར་ཐོག་རྒྱ་ཁྱབ་ངང་སྤྱོད་པའི་APPམང་དག་ཅིག་ལ་ཆ་འཕྲིན་རྫུན་མའམ་ཡང་ན་ཆགས་སྲེད་ཀྱི་བརྙན་ཐུང་སྟོན་པ་སོགས་བརྒྱུད་ནས་ཁ་བསླུས་བརྒྱབ་པ་ཤེས་རྗེས། ཀོང་ཏུང་ཞིང་ཆེན་སྤྱི་བདེ་ཐིང་གིས་འཕྲལ་དུ་ཆེད་དོན་ཚོགས་ཆུང་བཙུགས་ནས་མྱུལ་ཞིབ་བྱས་པ་རེད།
         2017ལོའི་ཟླ་12པའི་ཟླ་སྟོད་དང་ཟླ་དཀྱིལ་དུ་སྤྱི་བདེ་པུའི་མཐུན་སྦྱོར་འོག ཆེད་དོན་ཚོགས་ཆུང་གིས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་པེ་ཅིང་དང་། ལེའོ་ཉིང་། ཧྲའན་ཤིས། ཧོ་ནན། ཧྲན་ཏུང་། ཅང་སུའུ། ཀྲེ་ཅང་། ཧུའུ་ནན། ཧུའུ་པེ། ཅང་ཤིས། ཧྥུའུ་ཅན། ཀོང་ཏུང་། ཀོང་ཤིས་སོགས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་13ལ་དུས་གཅིག་ཏུ་བྱ་སྤྱོད་སྤེལ་ནས་གོང་གསལ་གྱི་ཚོགས་པ་དག་གཏོར་བ་རེད།
         ཀོང་ཏུང་ཞིང་ཆེན་སྤྱི་བདེ་ཐིང་དྲ་རྒྱའི་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གི་འབྲེལ་ཡོད་འགན་འཁུར་བས“ད་རེས་ཀྱི་བྱ་སྤྱོད་ནི་ཉེ་བའི་ལོའི་ནང་ཀོང་ཏུང་སྤྱི་བདེ་ལས་ཁུངས་ཀྱིས་ལག་ཐོགས་ཁ་པར་གྱི་APPཡི་དྲ་རྒྱའི་ཁ་བསླུས་རྒྱག་སྟངས་གསར་པར་རྡུང་རྡེག་གཏོང་ཆེ་ཤོས་དང་གྲུབ་འབྲས་མངོན་གསལ་དོད་ཤོས་ཀྱི་བྱ་སྤྱོད་ཅིག་རེད། སྤྱི་བདེ་ལས་ཁུངས་ཀྱིས‘བདེ་འཇགས་དྲ་རྒྱའི’ཆེད་དོན་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་ནས‘གྱོད་གཞི་ཆེན་པོ་རྩད་གཅོད་པ་དང་། འབྱུང་རྩ་སྔོག་པ། ཚུལ་མིན་དྲ་རྒྱ་གཏོར་བ། ཚུལ་མིན་སྦྲེལ་མཐུད་མེད་པར་བཟོ་བ’བཅས་བྱ་རྒྱུ་ཕར་རྒོལ་གྱི་ཁ་ཕྱོགས་གཙོ་བོར་བརྩིས་ཏེ་དྲ་རྒྱའི་བར་མཐོངས་མུ་མཐུད་དྭངས་གཙང་ལྷད་མེད་བཟོ་རྒྱུ་ཡིན”ཞེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།