འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་གིས་བོད་ལྗོངས་ལ་བསམ་འཆར་ཕྱིར་སྐྱེལ་བྱས།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་05ཉིན། 15:15】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་3ཉིན། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་དྲུག་པས་བོད་རང་སྐྱོང་ལྗོངས་ལ་ལྟ་ཞིབ་བྱས་ཚུལ་ཕྱིར་སྐྱེལ་ཚོགས་འདུ་ལྷ་ས་གྲོང་ཁྱེར་དུ་འཚོགས་པ་རེད། ལྟ་ཞིབ་ཚོགས་ཆུང་གི་ཚོགས་གཙོ་ཅང་ཅུས་ཧྥེང་དང་། ཚོགས་གཙོ་གཞོན་པ་ཀྲའེ་ཆིང་གིས་ལྟ་ཞིབ་བསམ་འཆར་བརྡ་ཁྱབ་བཏང་བ་དང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིན་ཅེ་ཡིས་གཏམ་བཤད་བྱེད་སྐབས་ངེས་པར་དུ་དོན་ཚན་རེ་རེ་བཞིན་དག་ཐེར་དང་ལེགས་བཅོས་མཐའ་གཅིག་ཏུ་བྱེད་དགོས་པ་ལས། ཁོར་ཡུག་བློས་གཏོང་བ་རིན་དོད་བྱས་ནས་འཕེལ་རྒྱས་ཡོང་བར་གཏན་ནས་བརྗེ་མི་རུང་ཞེས་བསྟན་པ་རེད།
         2017ལོའི་ཟླ་8ཚེས་15ཉིན་ནས་ཟླ་9ཚེས་15ཉིན་བར་དུ། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་དྲུག་པས་བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་ལ་ལྟ་ཞིབ་བྱས་པ་རེད། ལྟ་ཞིབ་བྱས་པ་ལས་2013ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྤེལ་དང་ཁོར་ཡུག་སྲུང་སྐྱོང་ལ་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་བ་དང་། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲུང་འཛིན་རྒྱུན་འཁྱོངས་ནུས་ལྡན་བྱས་ཡོད་པ་རེད། ཡིན་ནའང་། བོད་རང་སྐྱོང་ལྗོངས་ཀྱི་ལས་བྱེད་པ་མི་ཉུང་བ་ཞིག་གིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་འཛུགས་སྐྲུན་བྱེད་རྒྱུའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་པོ་བྱུང་མེད་པ་དང་། རང་བྱུང་ཁམས་ཀྱི་གནང་བའི་སྐྱེ་ཁམས་བཟང་པོར་ཡིད་ཚིམ་པ་དང་། ས་གནས་དང་སྡེ་ཁག་མི་ཉུང་བ་ཞིག་ལ་ཁོར་ཡུག་སྲུང་སྐྱོང་ལས་དོན་ཐད་རང་འགུལ་རང་བཞིན་དང་རང་རྟོགས་རང་བཞིན་མི་འདང་བ། ས་གནས་དང་སྡེ་ཁག་ཁ་ཤས་ཀྱིས་འཕེལ་རྒྱས་དང་སྲུང་སྐྱོང་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་པ་བྱས་མེད་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་ཀྱི"གཅིག་ཆད་ཁྲ་ལོག"རྣམ་པ་ཙམ་དུ་ལུས་ཡོད་པས། ཁོར་ཡུག་སྲུང་སྐྱོང་ལ་དཔྱད་ཞིབ་བྱེད་རྒྱུར་དགོས་ངེས་ཀྱི་གཟབ་ནན་རང་བཞིན་མེད་པར་གྱུར་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་བཙོག་ཆུ་དང་གད་སྙིགས་དབྱེ་སེལ་སྒྲིག་བཀོད་འཛུགས་སྐྲུན་འཆར་འགོད་ལེགས་འགྲུབ་བྱས་ཚུལ་བསམ་དོན་ལྟར་ཡག་པོ་བྱུང་མེད་པ་སོགས་ཀྱི་གནད་དོན་ཐོན་ཡོད་པ་རེད།
         བོད་རང་སྐྱོང་ལྗོངས་ཀྱིས་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་གནང་ཚུལ་དེ་ལྗང་མདོག་ཅན་དུ་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་རྒྱུའི་གོ་སྐབས་དང་གནད་འགག་གལ་ཆེན་དུ་བཟུང་ནས་གནད་དོན་ལ་དག་ཐེར་དང་ལེགས་བཅོས་ནན་ཞིང་ཏན་ཏིག་བྱས་པ་རེད། 2017ལོའི་ཟླ་10ཚེས་31ཉིན་བར་དུ་ལྟ་ཞིབ་ཚོགས་ཆུང་གིས་བོད་རང་སྐྱོང་ལྗོངས་ལ་ཁོར་ཡུག་གི་གནད་དོན་ཐེར་འདོན་བྱས་དོན་1022ཐག་གཅོད་བྱེད་རྒྱུར་སྤྲད་པའི་ནང་1020ཐག་གཅོད་བྱས་ཡོད་ཅིང་། དེའི་ཁྲོད་དུ་དག་ཐེར་དང་ལེགས་བཅོས་882བྱས་པ་དང་། གྱོད་ཐོ་བཀོད་ནས་ཆད་གཅོད་784བྱས་པ། དངུལ་ཆད་སྒོར་ཁྲི་2787བཏང་བ། གྱོད་ཐོ་བཀོད་ནས་མྱུལ་ཞིབ་2བྱས་པ། མི་2བཀག་བསྐྱིལ་བྱས་པ། མི་232ལ་ཁ་བརྡ་གླེང་མོལ་བྱས་པ། མི་148ལ་འགན་འཁྲི་རྩད་གཅོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།