འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།“རྒྱུད་གཅིག་ལམ་གཅིག”ལས་ཧྥ་རན་སེའི་ཁེ་ལས་ལ“ལྕགས་ལམ་གསར་བརྗེའི”གོ་སྐབས་
    གསར་པ་ཐོབ་པ།

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཧན་པིང་དང་ཁྲེན་དབྱི་ཁྲེན།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་05ཉིན། 11:07】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། 2018ལོའི་ལོ་གསར་འཆར་ཉེའི་སྐབས་ཧྥ་རན་སེའི་ཁེ་ལས་ཏི་ཁཱ་ནུང་ཚོགས་པས་མངགས་བཟོ་བྱས་པའི་དངོས་ཟོག་ཀྲུང་གོ་ཝུའུ་ཧན་ནས་བཏང་བའི་ཟོག་འདྲེན་ཆེད་སྤྱོད་མེ་འཁོར་ཆར་པ་སིམ་སིམ་ཁྲོད་ཧྥ་རན་སེའི་བྱང་ངོས་གལ་ཆེའི་ཟོག་འགྲེམས་གྲོང་རྡལ་གལ་ཆེའི་ཏུར་རིའི་མེ་འཁོར་བབས་ཚུགས་སུ་འབྱོར།
         དེ་ཉིན་ཏི་ཁཱ་ནུང་ཟོག་འགྲེམས་ལས་དོན་གྱི་འགན་འཁུར་བ་ཁེ་ལི་སི་ཐུ་ཧྥུ·ཏི་ཕཱ་ཡིས་རྟེན་འབྲེལ་མཛད་སྒོའི་ཐོག་ད་ཐེངས་ཀྲུང་གོའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་འོག“ལྕགས་ལམ་གསར་བརྗེ”ཐེངས་གཅིག་བྱས་པ་ལས་ཏི་ཁཱ་ནུང་ལྟ་བུའི་ཧྥ་རན་སེའི་ཁེ་ལས་ལ་རྒྱལ་སྒྲོལ་ཟོག་འགྲེམས་ལྕགས་ལམ་སྐྱེལ་འདྲེན་ཕྱོགས་སུ་སྒྱུར་བའི་གོ་སྐབས་གསར་པ་ཐོབ་ཡོད་ཅེས་བཤད།
         གོ་སྐབས་གསར་པ་ལས་གང་ཞིག་མཚོན་གྱི་ཡོད་དམ། ཏི་ཕཱ་ཡིས་དེ་བས་མྱུར་བ་དང་། དེ་བས་གོང་ཁེ། དེ་བས་ཁོར་ཡུག་སྲུང་སྐྱོང་བཅས་ཕྱོགས་གསུམ་ནས་ཕྱོགས་སྡོམ་བྱས་པ་རེད།
         དེ་བས་མྱུར་བ—ཏི་ཁཱ་ནུང་གིས་མཁོ་འདོན་བྱས་པའི་དཔྱད་གཞི་ལས་མངོན་པར། ཁེ་ལས་དེས་དུས་ཡུན་རིང་པོའི་ནང་མཚོ་ཐོག་སྐྱེལ་འདྲེན་ལ་བརྟེན་ནས་ཀྲུང་གོར་ཐོན་སྐྱེད་བྱས་པའི་ཐོན་རྫས་ཡོ་རོབ་ཏུ་དབོར་ནས་ཕྱིར་ཚོང་བྱེད་ཀྱི་ཡོད། སྲོལ་རྒྱུན་གྱི་ཟོག་འགྲེམས་ལམ་ཐིག་ནི་དངོས་ཟོག་ཝུའུ་ཧན་ནས་ཧྲེན་ཀྲེན་དུ་དབོར་བ་དང་ཟོག་འདྲེན་གྲུ་གཟིངས་སུ་བླུགས་རྗེས་རྒྱ་མཚོ་བསྒྲལ་ནས་པེར་ཀྲེམ་གྱི་ཨན་ཐེ་ཝེ་ཕུའམ་ཡང་ན་ཧོ་ལན་གྱི་ལུའུ་ཐེ་ཏན་དུ་དབོར་བ་དང་། འགག་སྒྲོལ་འགྲོ་ལུགས་གཉེར་ནས་དངོས་ཟོག་ཕབ་རྗེས་ད་དུང་སྤྱི་ལེ་200དབོར་ཚེ་གཞི་ནས་ཏུར་རིར་ཡོད་པའི་ཏི་ཁཱ་ནུང་གི་ལྟེ་བའི་མཛོད་ཁང་དུ་སླེབས་པ་དང་ཆ་སྙོམས་བྱས་ན་ཉིན་41འགོར་གྱི་ཡོད།
         དེ་བས་གོང་ཁེ—ཏི་ཕཱ་ཡིས་ཕྱོགས་རྐྱང་པ་ནས་བལྟས་ན་ལྕགས་ལམ་སྐྱེལ་འདྲེན་གྱི་མ་གནས་མཚོ་ཐོག་སྐྱེལ་འདྲེན་ལས་མཐོ་བ་ཡོད་མོད། འོན་ཀྱང་ཝུའུ་ཧན་ནས་ཏུར་རི་བར་གྱི་ཐད་གཏོང་ཟོག་འདྲེན་ཆེད་སྤྱོད་མེ་འཁོར་གྱིས་གཞུང་ལམ་སྐྱེལ་འདྲེན་གྱི་ལམ་ཐག་སྤྱི་ལེ་1400ལྷག་ཙམ་ཐུང་དུ་ཕྱིན་པས་ཕྱོགས་བསྡུས་མ་གནས་དང་མཚོ་ཐོག་སྐྱེལ་འདྲེན་བསྡུར་ན་སྤྱིར་ན་ཧེ་བག་མེད་པ་དང་ཐ་ན་དེ་བས་གོང་ཁེ་བ་ཡོད་ཅེས་བཤད།
         དེ་བས་ཁོར་ཡུག་སྲུང་སྐྱོང—ཏི་ཁཱ་ནུང་གིས་ཚད་ལེན་ཞིབ་རྩིས་བརྒྱབ་པར་གཞིགས་ན། དེ་སྔ་མཚོ་ཐོག་སྐྱེལ་འདྲེན་གཙོ་བོར་བྱེད་པའི་ལམ་ཐིག་ཏུ་དངོས་ཟོག་ཏུན་གཅིག་དབོར་རིམ་བཞིན་དབྱང་གཉིས་ཐཱན་འགྱུར་སྟོང་ཁེ་337ཕྱིར་འབུད་བྱེད་ཀྱི་ཡོད། ཟོག་འདྲེན་ཆེད་སྤྱོད་མེ་འཁོར་སྤྱད་ན་དངོས་ཟོག་ཏུན་གཅིག་དབོར་རིམ་བཞིན་དབྱང་གཉིས་ཐཱན་འགྱུར་སྟོང་ཁེ་201ལས་ཕྱིར་འབུད་བྱེད་ཀྱི་མེད། ནུས་རྒྱུ་བསྲི་ཚགས་དང་ཕྱིར་འབུད་ཉུང་གཏོང་ལ་མཐོང་ཆེན་བྱེད་པའི་ཡོ་རོབ་ནུབ་མའི་རྒྱལ་ཁབ་ཏུ“ཕྱིར་འབུད་ཉུང་གཏོང”གི་ནུས་པ་ཅུང་ཡག་པ་དེ་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་རྒྱལ་སྤྱིར་ཁྱབ་གདལ་གཏོང་བའི་མིང་བྱང་ནུས་ལྡན་ཞིག་ཏུ་གྱུར་ཡོད།
         ཏུར་རི་ཕྱོགས་བསྡུས་ཟོག་འགྲེམས་ལས་སྟེགས་དོ་དམ་ཀུང་སིའི་ཙུང་ཚའེ་ཁེ་ལི་སི་ཐུ་ཧྥུ·ཕིར་ཤིས་དེ་ཉིན་གཏམ་བཤད་སྤེལ་སྐབས་ཏི་ཁཱ་ནུང་གི་ཟོག་འགྲེམས་བྱ་ཐབས་ལེགས་སྒྲིག་བྱས་པ་ལས་ཏུར་རིའི་ས་གནས་དཔལ་འབྱོར་ལ་སྐུལ་འདེད་ཐེབས་རྒྱུ་རེད་ཅེས་བཤད། དཔྱད་གཞི་ལས་མངོན་པར། ཏི་ཁཱ་ནུང་གིས་2019ལོར་ལས་གནས་60ལྷག་ཙམ་མཁོ་འདོན་ཐུབ་པའི་ཟོག་འགྲེམས་དོ་དམ་ལྟེ་གནས་ཤིག་གསར་དུ་སྐྲུན་རྩིས་ཡོད་པ་དང་དེ་གཙོ་བོ་ཝུའུ་ཧན་ནས་དབོར་བའི་དངོས་ཟོག་བཀོད་སྒྲིག་ལ་སྤྱོད་རྒྱུ་ཡིན་པ་རེད།
         ཤོད་རིན་ཡོད་པ་ཞིག་ལ་དེ་ཉིན་གྱི་བྱེད་སྒོ་སྤེལ་ཡུལ་དུ་ཧྥ་རན་སེའི་སྨྱན་སྦྱོར་གྱིས“རྒྱུད་གཅིག་ལམ་གཅིག”ལ་འཛིན་པའི་སྤྲོ་སེམས་ལ་མི་རྣམས་ཧང་སང་གི་ཡོད། དེར་སླེབས་པའི་ཧྥ་རན་སེའི་གྲགས་ཅན་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགོད་པ་ཚོས་བཅར་འདྲི་བྱ་ཡུལ་ལ“ཁྱེད་ཀྱིས་གནའ་བོའི་དར་གོས་ལམ་བུ་བསྐྱར་གསོ་ཐུབ་པར་ལྟ་སྟངས་གང་འདྲ་འཛིན་གྱི་ཡོད་དམ། ཏི་ཁཱ་ནུང་གི་ཆ་ནས་བརྗོད་ན‘རྒྱུད་གཅིག་ལམ་གཅིག’གིས་གང་ཞིག་མཚོན་གྱི་ཡོད་དམ”ཞེས་རྒྱུན་མི་ཆད་པར་དྲི་བ་བཏོན། ལས་རིགས་གཅིག་པའི་ངོས་ནས་གསར་འགོད་པས་ཁོང་ཚོས་བཏོན་པའི་དྲི་བ་ལས་སྨྱན་སྦྱོར་གྱིས“རྒྱུད་གཅིག་ལམ་གཅིག”ལ་ཤེས་རྟོགས་ཐུབ་རྒྱུའི་རེ་བ་ཚོར་བྱུང་།
      

    ཕྱོགས་བསྡུས་གསར་འགྱུར།