འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་སྐྲུན་བཞིན་པའི་ཆུ་བེད་ལས་གྲྭ་གལ་ཆེན་ལ་བཏང་བའི་མ་དངུལ་སྒོར་དུང་ཕྱུར་
    9000ལྷག་ཙམ་ཟིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་04ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། 2017ལོར། རང་རྒྱལ་གྱིས་ཆུ་གྲོན་ཆུང་དང་ཆུ་མཁོ་འདོན་གྱི་ཆུ་བེད་ལས་གྲྭ་གལ་ཆེན་ཁག་16གསར་དུ་སྐྲུན་འགོ་ཚུགས་ནས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བཏོན་པའི“སླར་ཡང་ཆུ་བེད་ལས་གྲྭ་ཆེན་པོ་15འཛུགས་སྐྲུན་བྱེད་དགོས་པའི”ལོ་འཁོར་གྱི་ལས་འགན་ལེགས་སྒྲུབ་ཚད་བརྒལ་བྱས་ཡོད་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འཁེལ་བྱས་པའི་ཆུ་གྲོན་ཆུང་དང་ཆུ་མཁོ་འདོན་གྱི་ཆུ་བེད་ལས་གྲྭ་གལ་ཆེན་172ནས་ཁག་122སྐྲུན་འགོ་ཚུགས་པ་དང་། གསར་སྐྲུན་བྱེད་བཞིན་པའི་ཆུ་བེད་ལས་གྲྭ་གལ་ཆེན་ལ་བཏང་བའི་མ་དངུལ་སྒོར་དུང་ཕྱུར་9000ལྷག་ཙམ་ཟིན་ཡོད་པ་རེད།
         འདི་ནི་གསར་འགོད་པས་རྒྱལ་ཡོངས་ཆུ་བེད་ཐིང་གི་ཐིང་ཀྲང་དང་ཅུས་ཀྲང་ཚོགས་འདུ་ནས་ཤེས་རྟོགས་བྱས་པ་ཞིག་རེད། ཆུ་བེད་པུའི་པུའུ་ཀྲང་ཁྲེན་ལེས་ངོ་སྤྲོད་བྱས་པར་གཞིགས་ན། ལོ་ལྔའི་རིང་། ཆུ་བེད་པུས་ཆུ་གྲོན་ཆུང་དང་ཆུ་མཁོ་འདོན་གྱི་ཆུ་བེད་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་བཏང་ནས་ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་འགན་ལེན་གྱི་ཆུ་ཚད་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་བྱས་པས་རྒྱལ་ཁབ་ཆུའི་བདེ་འཇགས་ཀྱི་འགན་ལེན་ནུས་པ་ཆེ་རུ་ཤུགས་ཆེན་ཕྱིན་ཡོད། མིག་སྔར། གཙང་ཆུ་ཧོའེ་ཧོ་ཆུ་བོར་འདྲེན་པ་དང་ཡུན་ནན་དབུས་རྒྱུད་ནས་ཆུ་འདྲེན་པ་སོགས་ཀྱི་ཆུ་བེད་ལས་གྲྭ་གལ་ཆེན་གྱི་རྣམ་གྲངས་122སྐྲུན་འགོ་ཚུགས་ཡོད། དེ་དང་ཆབས་ཅིག ཅང་ཤིས་ཀྱི་ཞ་ཅང་དང་། ཀོང་ཏུང་གི་ལེ་ཁྲང་ཞ། ཀན་སུའུ་ཡིང་ཐའོ་དུས་ཐེངས་དང་པོ་སོགས་ཀྱི་ཆུ་བེད་ལས་གྲྭ་གལ་ཆེན་ཁག་གཅིག་ཀྱང་གཅིག་མཇུག་གཉིས་མཐུད་ངང་བསྐྲུན་ཟིན་པ་དང་འབྲེལ། ཕན་འབྲས་ཀྱང་ཐོན་ཡོད། ཆུ་བེད་ལ་མ་དངུལ་གཏོང་བ་དང་མ་དངུལ་བསྡུ་སྒྲིལ་སྒྱུར་བཅོས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་པ་དང་བསྟུན་ནས་2013ལོ་ཚུན་དུ་རིམ་རྩིས་ལྟར་ན་རྒྱལ་ཡོངས་སུ་ཆུ་བེད་འཛུགས་སྐྲུན་ལ་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་ཁྲི་2.64ཟིན་ཡོད་པ་རེད།
         ཁྲེན་ལེས“དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་སྐྲུན་པར་ངེས་པར་དུ་ཆུ་བེད་རྨང་གཞིའི་སྒྲིག་བཀོད་དྲ་རྒྱ་མགྱོགས་མྱུར་བཙུགས་ནས་དཔལ་འབྱོར་སྤུས་ཚད་མཐོ་པོའི་འཕེལ་རྒྱས་ལ་ཆུ་བེད་རྨང་གཞིའི་འདེགས་སྐྱོར་ཤུགས་ཆེན་བྱེད་དགོས”ཞེས་བརྗོད་པ་དང་། ཁོང་གིས་ཞབས་ཞུའི་ས་ཁོངས་ཀྱི་མཐུན་སྦྱོར་འཕེལ་རྒྱས་གཙོ་གནད་ལས་དོན་ལ་བརྩིས་ནས་པེ་ཅིང་དང་། ཐན་ཅིན། ཧོ་པེ་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་དང་། འབྲི་ཆུའི་དཔལ་འབྱོར་ཁུལ་འཛུགས་སྐྲུན། ཞུང་ཨན་ཁུལ་གསར་འཛུགས་སྐྲུན། དེ་བཞིན་ཤར་དང་། དབུས། ནུབ་དང་བྱང་ཤར་རྒྱུད་བཅས་ཀྱི“ཁུལ་ཆེན་པོ་བཞི”ཡི་མཐུན་སྦྱོར་འཕེལ་རྒྱས་ལ་དམིགས་ནས་ཆུའི་ཐོན་ཁུངས་ཀྱི་བཀོད་སྒྲིག་བྱེད་སྟངས་སྔར་བས་ལེགས་སུ་གཏོང་བ་དང་། ཆུ་ལོག་སྔོན་འགོག་མ་ལག་དང་། ཆུ་མཁོ་འདོན་གྱི་མ་ལག སྣོད་བཅུད་བར་མཐོངས་ཀྱི་མ་ལག་བཅས་ཀྱི་འཛུགས་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་ཚན་རིག་དང་མཐུན་པའི་ངང་གཙང་པོ་དང་། ཆུ་བོ། མཚེའུ། ཆུ་མཛོད་བཅས་ཀྱི་ཆུ་རྒྱུད་སྦྲེལ་མཐུད་ལས་གྲྭ་ལག་བསྟར་བྱེད་དགོས། དེ་དང་དུས་མཚུངས། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ཟབ་ཏུ་གཏོང་བར་དམིགས་ནས་ཆུ་གྲོན་ཆུང་དང་ཆུ་མཁོ་འདོན་གྱི་ཆུ་བེད་ལས་གྲྭ་གལ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་ཆུ་ལོག་སྔོན་འགོག་དང་། འཁྱིལ་ཆུ་གཤོང་བ། གནོད་འཚེ་ཉུང་གཏོང་བཅས་ཀྱི་མ་ལག་དང་ཆུའི་ཐོན་ཁུངས་ཀྱི་མཁོ་སྤྲོད་འགན་ལེན་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་བརྗོད།
         ཁྲེན་ལེས་འདི་ལོ་སླར་ཡང་ཆུ་བེད་རྣམ་གྲངས་གལ་ཆེན་ཁག་གཅིག་གསར་དུ་ལས་འགོ་ཚུགས་ནས་ཀྲུའུ་ཅང་གཙང་པོའི་ཟུར་གསུམ་གླིང་གི་ཆུའི་ཐོན་ཁུངས་བཀོད་སྒྲིག་དང་། ཧོའེ་ཧོ་ཆུ་བོ་རྒྱ་མཚོར་འདྲེན་པའི་ཆུ་ལམ་དུས་ཐེངས་གཉིས་པ། ཤིན་ཅང་ཡུས་ལུང་ཁ་ཧྲི། སི་ཁྲོན་ཟམ་ཆེན་ཆུ་མཛོད་ཞིང་ཆུ་འདྲེན་གཏོང་ཁུལ་གྱི་དུས་ཐེངས་གཉིས་པ་སོགས་ཀྱི་ལས་གྲྭའི་དུས་འགོའི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་རྒྱུ་རེད་ཅེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།