མི་དམངས་དྲ་བ།

༄༅།།རྒྱལ་ཡོངས་སྲིད་གྲོས་ཀྱིས་ལོ་གསར་གྱི་ཇ་སྟོན་ཚོགས་འདུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་02ཉིན། 15:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།རྒྱལ་ཡོངས་སྲིད་གྲོས་ཀྱིས་ལོ་གསར་གྱི་ཇ་སྟོན་ཚོགས་འདུ་འཚོགས་པ།

         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་29ཉིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གིས་ཟླ་12ཚེས་29ཉིན་གྱི་སྔ་དྲོར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་ཁང་དུ་ལོ་གསར་གྱི་ཇ་སྟོན་ཚོགས་འདུ་འཚོགས་ཤིང་། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ཀྲང་ཀའོ་ལི། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་སོགས་ཀྱིས་དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ཕྱོགས་ཁག་གི་འགན་འཁུར་བ། དེ་བཞིན་རྒྱལ་སའི་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣའི་འཐུས་མི་བཅས་ལྷན་དུ་འཛོམས་ནས་2018ལོའི་གནམ་ལོ་གསར་ཚེས་ལ་བསུ་བ་ཞུས་པ་རེད།
         ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཇ་སྟོན་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ཕྱོགས་ཁ་གསལ་བཟོས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་གྲུ་གཟིངས་ཆེན་པོ་རླུང་བརྟེན་རླབས་གཤག་གིས་མདུན་དུ་སྐྱོད་བཞིན་ཡོད། གྲུ་གཟིངས་ཆེན་པོ་འདིའི་ཐོག་གི་སྟོབས་ཤུགས་ཆ་ཤས་གཅིག་ཀྱང་མེད་མི་རུང་། དུས་ཚོད་ཀྱིས་མི་མི་སྒུག་པས་ང་ཚོས་ངེས་པར་དུ་དུས་ཚོད་ཀྱི་མདུན་དུ་བསྐྱོད་དེ་དུས་རབས་ཀྱི་རླབས་གཤག་ཕོ་རྒོད་ཅིག་བྱེད་དགོས། ཀྲུང་གོ་གུང་ཁྲན་ཏང་གིས་གྲུ་གཟིངས་ལ་ཁ་ལོ་བསྒྱུར་བ་དང་། ཀྲུང་གོའི་སྒྱུར་བཅོས་འཕེལ་རྒྱས་ཀྱི་ཤར་རླུང་ཆེན་པོ་ལྡན་པ། རྒྱལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་གཡོར་གྲུ་གང་ཡོད་ཀྱིས་གྲུ་གཏོང་བ་བཅས་བྱས་ཚེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་གྲུ་གཟིངས་ཆེན་པོ་འདི་འོད་སྟོང་འབར་བའི་ཕ་རོལ་དུ་སྒྲོལ་ཐུབ་ངེས་ཡིན་པ་ཡིད་ཆེས་ཡོད་ཅེས་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱི་ཚབ་ཞུས་ནས་དམངས་གཙོའི་ཏང་ཤོག་ཁག་དང་། བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ། མི་དམངས་ཚོགས་པ་ཁག རྒྱལ་ཡོངས་ཀྱི་རྒྱ་ཆེའི་བཟོ་པ། ཞིང་པ། ཤེས་ཡོན་ཅན། ལས་བྱེད་པ། ལས་རིགས་ཁག་གི་མི་སྣ། མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ། དྲག་ཆས་ཉེན་རྟོག་གི་དཔོན་དམག སྤྱི་བདེའི་ལས་བྱེད་ཉེན་རྟོག་པ་བཅས་དང་དེ་བཞིན་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། སྤུན་ཟླ་ཐའེ་དབན་བ། རྒྱ་ཆེའི་ཕྱིར་སྡོད་རང་མི། ཀྲུང་གོའི་དེང་རབས་ཅན་འཛུགས་སྐྲུན་ལ་དོ་ཁུར་དང་རྒྱབ་སྐྱོར་གནང་མཁན་གྱི་རྒྱལ་ཁབ་ཁག་གི་གྲོགས་པོ་བཅས་ལ་དུས་ཆེན་གྱི་འཚམས་འདྲི་དང་ལྷག་བསམ་རྣམ་དག་གི་སྨོན་འདུན་ཞུས་གནང་བ་རེད།

༄༅།།རྒྱལ་ཡོངས་སྲིད་གྲོས་ཀྱིས་ལོ་གསར་གྱི་ཇ་སྟོན་ཚོགས་འདུ་འཚོགས་པ།