འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོའི་རྒྱལ་སྤྱིའི་གསར་འགྱུར་ཆེ་གྲས་བཅུ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་02ཉིན། 11:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           ༡  ཀྲུང་གོའི་འདུ་ཤེས་རྒྱལ་སྤྱིའི་ཐུན་མོང་གི་ངོས་འཛིན་དུ་གྱུར་པ། 
          2017ལོའི་ཟླ་1ཚེས་17དང་18ཉིན་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏ་ཝོ་སི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ལོ་ཚོགས་དང་མཉམ་འབྲེལ་རྒྱལ་ཚོགས་རེ་ནི་ཝེ་སྤྱི་ཁྱབ་པུའུ་རུ་གཏམ་བཤད་གལ་ཆེན་གནང་ནས་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་འཕེལ་རིམ་སླར་ཡང་དོ་སྙོམས་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། ཐུན་མོང་ཐོག་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་དུས་རབས་ཀྱི་འདུན་པ་དྲག་པོ་བཏོན་གནང་བ་རེད།
          ༢  ཨ་རི"ཚོགས་པ་ནས་ཕྱིར་འཐེན་བྱས་པ"ལས་ཕྱོགས་རྐྱང་པའི་རིང་ལུགས་མངོན་པ། 
         2017ལོའི་ཟླ་1ཚེས་23ཉིན་ཨ་རི་ཞི་བདེ་རྒྱ་མཚོ་སྒྲོལ་བའི་རོགས་ཟླའི་འབྲེལ་བའི་གྲོས་ཆོད་ནས་ཕྱིར་འཐེན་བྱས་ཡོད། དེ་རྗེས་ཨ་རིས་གནམ་གཤིས་འགྱུར་ལྡོག་གི་《ཕ་རི་སིའི་གྲོས་ཆོད་》ནས་ཕྱིར་འཐེན་བྱེད་རྒྱུ་དང་། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་དང་དེ་བཞིན་《གནས་སྤོས་ཡུལ་མིའི་གནད་དོན་གྱི་གོ་ལ་ཧྲིལ་པོའི་གན་རྒྱ་》ནས་ཕྱིར་འཐེན་བྱེད་རྒྱུ་སྔ་རྗེས་སུ་ཁྱབ་བསྒྲགས་བྱས་པ་རེད།
          ༣  ཉིང་རྡུལ་འཕུར་མདེལ་ཚོད་ལྟའི་དམག་སྦྱོང་བྱེད་ཤུགས་ཆེ་རུ་ཕྱིན་པ། 
          2017ལོའི་ཟླ་2ཚེས་12ཉིན་ཁྲའོ་ཞན་གྱིས་ས་ནས་སར་འཕེན་པའི་འབྲིང་རིང་འཐབ་ཇུས་འབེན་འཚོལ་འཕུར་མདེལ་ཚོད་ལྟ་འཕེན་གཏོང་བྱས་པ་རེད། ཟླ་12ཚེས་4ཉིན་ཧན་གོའི་མཁའ་དམག་དང་ཧན་གོར་བཅའ་སྡོད་ཨ་དམག་གིས་རྒྱལ་ཁབ་གཉིས་པོའི་ལོ་རྒྱུས་ཐོག་གི་གཞི་ཁྱོན་ཆེ་ཤོས་ཀྱི་མཉམ་འབྲེལ་མཁའ་ཐོག་དམག་སྦྱོང་བྱེད་འགོ་ཚུགས་པ་རེད།
         ༤  དབྱིན་ཇིས"ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་རྒྱུ"དཀའ་ཚེགས་ཆེན་པོའི་ངང་སྐུལ་སྤེལ་བཏང་བ། 
          དབྱིན་ཇི་སྲིད་གཞུང་གིས་2017ལོའི་ཟླ་3ཚེས་29ཉིན"ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་བའི"གོ་རིམ་དངོས་སུ་ལག་ལེན་བསྟར་འགོ་ཚུགས་པ་དང་། དཀའ་ཚེགས་ཆེ་བའི་གྲོས་མོལ་ཐེངས་མང་བྱས་པ་བརྒྱུད་མཐར་ཡོ་རོབ་མནའ་འབྲེལ་དབར"ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་རྒྱུའི"དུས་མཚམས་དང་པོའི་གྲོས་མཐུན་བཞག་ཐུབ་པ་བྱུང་བ་རེད།
          ༥  ཀྲུང་གོ་དང་ཨ་རིའི་གཙོ་བདག་མཇལ་འཛོམས་གནང་བར་འཛམ་གླིང་ཀུན་གྱིས་དོ་ཁུར་བྱས་པ། 
         2017ལོའི་ཟླ་4ཚེས་6དང་7ཉིན་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིའི་ཙུང་ཐུང་ཐེ་རོན་ཧྥུ་དང་ལྷན་དུ་ཧའེ་ཧུའུ་གཞིས་ཀར་མཇལ་འཛོམས་གནང་བ་དང་། ཟླ་11པར་ཐེ་རོན་ཧྥུ་ཀྲུང་གོར་འཚམས་འདྲིར་ཕེབས་པ་རེད།
          ༦  ཁ་ཐར་ལ"ཕྱི་འབྲེལ་འབྲེལ་བ་ཆད་པའི་ཟིང་ཆ"བྱུང་བ། 
         2017ལོའི་ཟླ་6པར་སོ་ཏི་ཨ་རབ་ཀྱིས་དབྱི་སི་ལམ་གྱི་རྒྱལ་ཁབ་མང་པོ་ཞིག་དང་མཉམ་དུ་སྔ་རྗེས་སུ་ཁ་ཐར་དང་ཕྱི་འབྲེལ་འབྲེལ་བ་གཅོད་རྒྱུའི་ཁྱབ་བསྒྲགས་བྱས་པས་མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་ཁ་ཕྲལ་དུ་ཕྱིན་ཡོད། 2017ལོའི་ཟླ་12ཚེས་4ཉིན་ཡེ་མེན་གྱི་ཙུང་ཐུང་ཟུར་པ་ས་ལི་ཧེ་ཡེ་མོན་གྱི་ནང་འཁྲུག་ནང་རྐྱེན་ལམ་དུ་ཤོར་བ་རེད། 2017ལོའི་ཚེས་6ཉིན་ཨ་རིས་ཅེ་རུས་ས་ལེམ་དབྱི་སི་རལ་གྱི་རྒྱལ་ས་ཡིན་པ་ཁས་ལེན་བྱས་པའི་ཁྱབ་བསྒྲགས་བྱས་པ་རེད།
         ༧  "ལྷོ་རྒྱ་མཚོའི་བྱ་སྤྱོད་ཚད་གཞིའི"སྒྲོམ་གཞིར་གྲོས་མཐུན་བྱུང་བ། 
         2017ལོའི་ཟླ་8ཚེས་6ནས་8ཉིན་བར་འཚོགས་པའི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོ་མནའ་འབྲེལ་ཕྱི་འབྲེལ་པུའུ་ཀྲང་ཚོགས་འདུའི་ཐོག "ལྷོ་རྒྱ་མཚོའི་བྱ་སྤྱོད་ཚད་གཞིའི"སྒྲོམ་གཞིར་གྲོས་མཐུན་བྱུང་བ་རེད། ཟླ་11པའི་ཟླ་དཀྱིལ་དུ་སྐབས་སོ་གཅིག་པའི་ཨེ་ཤེ་ཡ་ཤར་ལྷོ་མནའ་འབྲེལ་གྱི་དབུ་ཚོགས་དང་དེ་བཞིན་ཨེ་ཤེ་ཡ་ཤར་མ་མཉམ་ལས་ཀྱི་འགོ་ཁྲིད་མི་སྣའི་ཚོགས་འདུ་རབ་དང་རིམ་པ་འཚོགས་པ་རེད།
          ༨  གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་མགྱོགས་སུ་ཕྱིན་པ། 
         རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་(IMF)ཀྱིས་ཟླ་10ཚེས་10ཉིན་《འཛམ་གླིང་དཔལ་འབྱོར་གྱི་རྒྱང་ལྟའི་སྙན་ཞུ་》སྤེལ་བ་རེད། IMFཡིས་2017ལོར་ཀྲུང་གོས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད་34.6%ཟིན་རྒྱུ་དང་། དེ་ནི་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་བའི་ཀ་རྟེན་གཙོ་བོ་དེ་ཡིན་པའི་སྔོན་དཔག་བྱས་པ་རེད།
         ༩  ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོགས་པ། 
         2017ལོའི་ཟླ་10ཚེས་18ནས་24ཉིན་བར་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་པེ་ཅིང་དུ་འཚོགས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ལོ་རྒྱུས་ཀྱི་གནས་བབ་གཏན་འཁེལ་གནང་བ་རེད།
         ༡༠  ཐལ་སྐྱོད་རྩ་འཛུགས"དབྱི་སི་ལམ་རྒྱལ་ཁབ"ཕམ་ནས་ཐོར་བ། 
         2017ལོའི་ཟླ་11ཚེས་21ཉིན་དབྱི་རག་གི་ཙུང་ལི་ཨ་པ་ཏི་དང་དབྱི་རན་གྱི་ཙུང་ཐུང་ལུའུ་ཧ་ཉི་གཉིས་ཀྱིས་ཁག་སོ་སོར་དབྱི་རག་དང་སི་རི་ཡའི་ས་ཁོངས་ནང་གི་ཐལ་སྐྱོད་རྩ་འཛུགས་རྩ་མེད་བཏང་ནས"དབྱི་སི་ལམ་རྒྱལ་ཁབ"དམག་དོན་ཐད་ནས་མེད་པ་བཟོས་པའི་ཁྱབ་བསྒྲགས་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།