འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་ས་ཕྱོགས་ནས་པེ་ཅིང་དང་ཧྲང་ཧའེ། ཀོང་ཀྲོའུ་སོགས་ལ་དགུན་དུས་སུ་ལྷ་སར་ཡུལ་སྐོར་
    ཕེབས་བསུའི་འོས་སྦྱོར་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་26ཉིན། 16:18】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་24ཉིན། བོད་ལྗོངས་ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱིས་གཙོ་གཉེར་བྱས་པའི"གནས་མཆོག་ལྷ་ས། བདེ་ཐང་གནས་སྐོཪ་ཅེས་པའི་2017ལོའི་ལྷ་སའི་དགུན་དུས་ཀྱི་ཡུལ་སྐོར་འོས་སྦྱོར་འདུ་ཚོགས"དེ་ཀོང་ཀྲོའུ་རུ་འཚོགས་པ་རེད། འདིའང་པེ་ཅིང་དང་ནན་ཅིང་། ཧྲང་ཧའེ་བཅས་ཀྱི་རྗེས་སུ་ལྷ་སས་རྒྱལ་ཡོངས་ས་ཁོངས་སུ་སྤེལ་བའི་ཡུལ་སྐོར་ཁྱབ་གདལ་གཏོང་བའི་བྱེད་སྒོའི་ས་ཚིགས་བཞི་པ་དེ་རེད།
         ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་ཀྲུའུ་རེན་བཀྲ་ཤིས་དོན་གྲུབ་ལགས་ཀྱིས། ཡུལ་སྐོར་འཛད་སྤྱོད་རིམ་པ་འཕར་བ་དང་རིམ་བཞིན་དགུན་དུས་བོད་ལྗོངས་ལ་ཡུལ་སྐོར་དུ་བསྐྱོད་ནས། "ཉི་འོད་གྲོང་ཁྱེར"ལྷ་སའི་འཆར་ཡན་མྱོང་ཚོར་བྱེད་བཞིན། ཉུང་ཤས་ཀྱི་དགའ་ཕྱོགས་དེ་ཚང་མའི་མོས་ཕྱོགས་སུ་འགྱུར་བར་བྱེད་བཞིན་ཡོད་པ་རེད། དུས་རྒྱུན་མཐོང་དཀོན་པའི་ལྷ་སའི་དགུན་དུས་ཀྱི་མཛེས་ལྗོངས་དེས། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་དེ་བས་མང་པོའི་ཡིད་དབང་བཀུགས་ནས་ལྷ་སར་ཡུལ་སྐོར་དུ་ཕེབས་ངེས་རེད་ཅེས་གསུངས་ཡོད་པ་རེད།
         བཀྲ་ཤིས་དོན་གྲུབ་ལགས་ཀྱིས། ཀོང་ཏུང་ནི་ཀྲུང་གོའི་ཡུལ་སྐོར་ཞིང་ཆེན་རྩེ་གྲའི་གྲས་ཤིག་རེད་ལ། ལྷ་སར་ཡུལ་སྐོར་ཕེབས་མཁན་སྐུ་མགྲོན་མང་ཤོས་ཀྱི་ས་ཆ་ཞིག་ཀྱང་རེད། ཐེངས་འདིའི་ཁྱབ་གདལ་གཏོང་བའི་བྱེད་སྒོ་གཙོ་བོ་ལྷ་སའི་དགུན་དུས་ཀྱི་ཡུལ་སྐོར་ཆ་འཕྲིན་གསར་པ་དང་འཕེལ་ཕྱོགས་གསར་པ། ཐོན་རྫས་གསར་པ། དུས་ཐོག་ཏུ་ཀོང་ཏུང་ཞིང་ཆེན་གྱི་ཡུལ་སྐོར་བ་རྣམས་ལ་བརྒྱུད་སྤྲོད་ཐུབ་པའི་རེ་བ་དང་ཁོང་རྣམས་པར་གཞན་དང་མི་འདྲ་བའི་དགུན་དུས་ཀྱི་ཡུལ་སྐོར་མྱོང་བ་ཞིག་ཡོང་བའི་རེ་བ་ཡང་ཡོད་ཅེས་གསུངས་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ལྷ་ས་ནི་འཕྲེད་ཐིག་བྱང་མའི་ཏུའུ་29སར་གནས་ཡོད་པས་འདི་ནི་ཉི་འོད་གྲོང་ཁྱེར་ཡིན། ལོ་རེར་ཆ་སྙོམས་ཉི་འོད་འཕྲོ་བའི་དུས་ཡུན་ཆུ་ཚོད་3000ཡན་ཡིན་པ་དང་། དགུན་དུས་ཉིན་དགུང་ལ་དྲོད་ཚད་ཧྲེ་ཧྲི་ཏུའུ་15ནས་20བར་སླེབས་ཀྱི་ཡོད་པ་རེད། དེའི་ཁར་གནམ་གཤིས་ཅུང་སྐམ་ཤས་ཆེ་བ་དང་མིག་གིས་མཐོང་རྒྱ་ཡངས་པས་ཡུལ་སྐོར་གྱི་སྣང་བ་སྐྱིད་ཙམ་ཡོང་གི་ཡོད་པ་རེད།
         དགུན་དུས་ནི་ལྷ་སར་འདབ་ཆགས་ལ་ལྟ་བའི་དུས་ཚིགས་ཡག་ཤོས་ཤིག་ཡིན་པ་དང་། གཟི་ཉམས་འདོད་པའི་བྱ་རིགས་ཁྱུ་ཚོགས་འཕུར་བ་མཐོང་ཐུབ་པ་མ་ཟད། དེ་བས་ཁྲུང་ཁྲུང་སྐེ་ནག་དང་ཁྲུང་ཁྲུང་མགོ་ཁྲ། ངང་སེར་སོགས་འདབ་ཆགས་རྩ་ཆེའི་རིགས་ཀྱིས་ཡུལ་སྐོར་བའི་མཐོང་རྒྱ་ཇེ་ཆེར་འགྲོ་ངེས། བསྡོམས་རྩིས་བརྒྱབ་པར་གཞིགས་ན། དགུན་དུས་ལྷ་ས་གྲོང་ཁུལ་ནང་འདབ་ཆགས་རིགས་130ལྷག་ཙམ་ཡོད་པ་རེད།
         ད་ནི་ལྷ་སའི་དགུན་ཁར་འཚང་ཁ་རྒྱག་མི་དགོས་པར། གང་སར་དགའ་སྤྲོའི་ལྷོད་སྣང་གི་རྣམ་པས་ཁེངས། བར་སྐོར་ཁྲོམ་གཞུང་ཐོག་ཚོང་པའི་ཁྲོམ་སྟོན་གྱི་འུར་སྒྲ་ཉུང་དུ་སོང་བ་དང་དད་ལྡན་རྣམ་དག་གི་ཆོས་སྐོར་གནང་མཁན་མང་དུ་ཕྱིན་ཡོད་པ་རེད། ལྷ་སའི་སྐྱིད་ཆུའི་འགྲམ་དང་གནམ་མཚོའི་མཚོ་མཐར་རུ་བྱང་ཐང་ནས་གནས་སྤོས་དགུན་སྐྱེལ་དུ་འོང་བའི་ས་མཐོའི་སྲོག་ཆགས་མཐོང་རྒྱུ་ཡོད།
         གཞན་ཡང་། དགུན་དུས་ཀྱི་ལྷ་སར་ནང་བསྟན་ཆོས་ལུགས་ཀྱི་དུས་སྟོན་བྱེད་སྒོ་མང་བའི་སྒང་ཡིན། དཔེར་ན། བོད་ཟླ་བཅུ་པའི་ཚེས་བཅོ་ལྔའི་ཉིན་དཔལ་ལྷའི་དུས་ཆེན། བོད་ཟླ་བཅུ་པའི་ཚེས་ཉི་ཤུ་ལྔ་ཉིན་དགའ་ལྡན་ལྔ་མཆོད། བོད་ཀྱི་ལོ་གསར་སོགས་དུས་ཆེན་གལ་ཆེན་རིགས་མང་པོ་དང་སྐབས་འཁེལ་གྱི་ཡོད། དགུན་དུས་ཀྱི་ལྷ་སར་ཆེས་གདོད་མ་དང་ཆེས་རྣམ་དག་གི་རིག་གནས་དང་། ཡུལ་སྲོལ་གི་མཛེས་སྡུག་ཡོད། དེ་ནི་རིག་གནས་ཡུལ་སྐོར་གྱི་གནས་མཆོག་ཞིག་ཡིན་པ་རེད། 
         ད་ལྟ། ལྷ་སའི་ས་གནས་དེ་གའི་སྲིད་གཞུང་གིས་ཡུལ་སྐོར་ཐོན་ཁུངས་བསྐྱར་སྒྲིག་ཇེ་ཆེར་བྱེད་པ་དང་། ལྷག་པར་དུ་དགུན་དུས་ཀྱི་ཡུལ་སྐོར་བགྲོད་ལམ་རྩེ་གྲ་ཇུས་འགོད་བྱས་ཡོད་པ་རེད། "དགུན་དུས་བོད་ལ་ཡུལ་སྐོར་བསྐྱོད"ཅེས་པའི་མཚོན་རྟགས་ཆེན་པོར་གཞིགས་ཏེ། ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་རང་ངོས་ཀྱི་ས་ཁམས་གནས་ཡུལ་དང་། ཡུལ་སྐོར་ཐོན་ཁུངས་ཀྱིས་དགུན་དུས་གྱི་ཡུལ་སྐོར་མཚོན་རྟགས་རབ་དང་རིམ་པ་བཏོད་ཡོད་པ་རེད། དགུན་དུས་ཀྱི་ཉི་འོད་དང་། དམངས་སྲོལ་གྱི་སྐྱེ་ཁམས། གངས་རིའི་ཆུ་ཚན། དགུན་སྐྱེལ་སྲོག་ཆགས་སོགས་དགུན་དུས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་རིམ་བཞིན་ཆགས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།