འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ས་མཐོའི་འཁྱགས་བཟོའི་དགེ་རྒན་ཆེ་མོ་བས་སེམས་རྣལ་དུ་ཕབ་ནས་འཁྱགས་པ་རེ་
    རེ་བཞིན་ཡག་པོ་བཟོ་དགོས་ཞེས་བཤད་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་22ཉིན། 10:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།མཚོ་སྔོན་ས་མཐོའི་འཁྱགས་བཟོའི་དགེ་རྒན་ཆེ་མོ་བས་སེམས་རྣལ་དུ་ཕབ་ནས་འཁྱགས་པ་རེ་
རེ་བཞིན་ཡག་པོ་བཟོ་དགོས་ཞེས་བཤད་པ།
          མི་དམངས་དྲ་བའི་འཕྲིན། འཁྱགས་ལྟིར་ཚོགས་ཆུང་གི་འགྲན་བསྡུར་མཇུག་འགྲིལ་ཐེངས་རེར་ཧུའུ་གཡོད་ཀྱིས་འཁྱགས་ངོས་གཙང་བཟོ་བྱེད་ཀྱི་ཡོད། འཁྱགས་ངོས་སྔོན་དང་འདྲ་བར་འཇམ་པོ་བཟོ་རྒྱུ་ནི་ཁོང་གིས་རང་ཉིད་ལ་བཏོན་པའི་རེ་བ་རེད།
          ཚེས་15ནས་21ཉིན་བར། 2017ལོའི་ཀྲུང་གོའི་མཚོ་སྔོན་རྒྱལ་སྤྱིའི་འཁྱགས་ལྟིར་མཁས་པའི་འགྲན་བསྡུར་མཚོ་སྔོན་མདོ་པ་རྒྱལ་ཁབ་ས་མཐོའི་སྦྱོང་བརྡར་རྟེན་གཞིར་བྱས་ཤིང་། དུས་ཡུན་ཉིན་7གྱི་འགྲན་བསྡུར་རིང་། རྒྱལ་ཁབ་དང་ས་ཁུལ་ཁག་9ནས་ཡོང་བའི་རྩེར་སོན་རུ་ཁག་གིས་རྩེར་སོན་གྱི་འགྲན་བསྡུར་ཐེངས་མང་བྱས་ཤིང་། འཁྱགས་བཟོའི་དགེ་རྒན་ཆེ་མོ་བ་ཞིག་ཡིན་པའི་ཧུའུ་གཡོད་ཀྱིས་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་འཁྱགས་ངོས་འཇམ་པོ་དང་ཁོད་སྙོམས་པོ་ཡོང་བའི་འགན་ལེན་བྱེད་ཀྱི་ཡོད་པ་རེད།
         ལོ་30སླེབས་པའི་ཧུའུ་གཡོད་སྔོན་ཆད་སྦེ་གའི་ལུས་རྩལ་པ་ཞིག་ཡིན་པ་དང་རྗེས་སུ་མདོ་པ་རྟེན་གཞིའི་བྱེད་སྒོ་སྤེལ་ཡུལ་དུ་ལས་ཀ་བྱས་ཤིང་། 2016ལོའི་ཟླ་7པར། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་དགུན་དུས་ལུས་རྩལ་དོ་དམ་ལྟེ་གནས་ཀྱིས་ཧྲང་ཧའེ་རུ་འཁྱགས་བཟོའི་དགེ་རྒན་ཆེ་མོ་བའི་གསོ་སྦྱོང་འཛིན་གྲྭ་ཐོག་མ་གཉེར་བ་དང་ཧུའུ་གཡོད་ཀྱིས་ད་ཐེངས་གསོ་སྦྱོང་གི་གོ་སྐབས་ལ་བརྟེན་ནས་ཆེད་ལས་ཀྱི་རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་དང་ལག་ལེན་དངོས་སུ་སྤྱོད་ཐུབ་པ་མ་ཟད། ཁོང་གིས་འཁྱགས་བཟོའི་དགེ་རྒན་ཆེ་མོ་བའི་ཆེད་ལས་ཤེས་རྟོགས་ཐུབ་ཡོད། ད་ལྟ་ཁོང་དང་ལས་རོགས་མིང་ལའེ་ཧྲེང་ནི་མཚོ་སྔོན་གྱི་ས་གནས་དེ་གའི་འཁྱགས་བཟོའི་དགེ་རྒན་ཆེ་མོ་བ་གཉིས་ཡིན་པ་རེད།
         འཁྱགས་ལྟིར་ལ“འཁྱགས་ཐོག་གི་རྒྱལ་སྤྱིའི་མིག་མངས”ཞེས་འབོད་ཀྱི་ཡོད་པ་དང་དེས་འཁྱགས་ལྟིར་གྱི་ངོ་མཚར་དང་ཁྱད་འཕགས་གསལ་བཤད་བྱས་པ་དང་ཆབས་ཅིག འཁྱགས་བཟོའི་དགེ་རྒན་ཆེ་མོ་བར་དེ་བས་མཐོ་བའི་བླང་བྱ་ཡང་བཏོན་ཡོད་པ་རེད། “འཁྱགས་ལྟིར་འགྲན་བསྡུར་བྱ་ཡུལ་གྱི་དྲོད་ཚད་དང་བརླན་ཚད་ལ་ཚོར་སྣང་ཧ་ཅང་སྐྱེན་པོ་ཡོད་པ་དང་ཆབས་ཅིག་འཁྱགས་བཟོའི་ཆུའི་སྤུས་ཚད་ལའང་རེ་བ་མཐོ་པོ་ཡོད། ང་ཚོའི་ད་རེས་ཀྱི་འགྲན་བསྡུར་བྱ་ཡུལ་གྱི་འཁྱགས་བཟོའི་ཆུ་ཚང་མ་དྭངས་གཙང་ཆུ་ཡིན་པ་དང་ཆུའི་ནང་རོ་ཏོ་དང་གཏེར་རྒྱུ་མེད་པའི་འགན་ལེན་བྱས་ཡོད”ཅེས་ཧུའུ་གཡོད་ཀྱིས་བཤད།
         ད་ལྟ་འགྲན་བསྡུར་ཕུད། དུས་རྒྱུན་རྒྱལ་ཁབ་འཁྱགས་ལྟིར་རུ་ཁག་སོགས་རུ་ཁག་མདོ་པ་རྟེན་གཞིའི་འཁྱགས་ཤུད་ཁང་དུ་སྦྱོང་བརྡར་བྱེད་སྐབས་ཁོང་ཚོས་འཁྱགས་ངོས་བདག་སྐྱོང་སོགས་ལས་དོན་དེ་མཚུངས་ངང་ཡག་པོ་སྒྲུབ་ཀྱི་ཡོད་པ་རེད།
         མདོ་པ་རྟེན་གཞིའི་ཀྲུའུ་རེན་ལིའུ་ཤིང་ཧའེ་ཡིས། 2022ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྲུང་གོར་སྤེལ་རྒྱུར་མཚོ་སྔོན་ས་མཐོར་གངས་འཁྱགས་ཀྱི་ལུས་རྩལ་འཕེལ་རྒྱས་ལ་གོ་སྐབས་མཁོ་འདོན་བྱས་ཡོད། ད་ཆ་མིང་བྱང་རྙིང་པ་ཡིན་པའི་རྒྱལ་ཁབ་ལུས་རྩལ་སྦྱོང་བརྡར་རྟེན་གཞིས་ཀྱང་ས་གནས་དེ་གའི་འགྲན་དོན་སྐྱེད་སྲིང་དང་གངས་འཁྱགས་ལུས་རྩལ་ཤེས་ལྡན་པ་གྲབས་གསོག་བྱེད་བཞིན་ཡོད། “ཤེས་ལྡན་མི་སྣ་ནི་གངས་འཁྱགས་ལུས་རྩལ་འཕེལ་རྒྱས་ཀྱི་འགག་རྩ་ཡིན་པས་རིམ་པ་དེའི་ཐོག་ནས་བརྗོད་ན། མཚོ་སྔོན་ས་མཐོའི་ས་གནས་དེ་གའི་འཁྱགས་བཟོའི་དགེ་རྒན་ཆེ་མོ་བ་གསོ་སྐྱོང་ལ་མཚོན་རྟགས་ཀྱི་དོན་སྙིང་ལྡན་ཡོད”ཅེས་བཤད།
          ཁོང་གིས་འཇར་མན་ནས་ཡོང་བའི་གཡོད་ཨ་ཞིས་མུའུ·ཧྥོ་ལི་ཆན་ནི་རྒྱལ་སྤྱིའི་འཁྱགས་ལྟིར་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁས་ལེན་དཔང་འདོན་བྱས་པའི་རིམ་པ་བཞི་པའི་འཁྱགས་བཟོའི་དགེ་རྒན་ཆེ་མོ་བ་ཞིག་ཡིན་ལ་ད་ཐེངས་འགྲན་བསྡུར་གྱི་དབུ་བཞུགས་ཀྱི་འཁྱགས་བཟོའི་དགེ་རྒན་ཆེ་མོ་བ་ཞིག་ཀྱང་ཡིན་པ་དང་། “ད་ཐེངས་འགྲན་བསྡུར་གྱི་འགྲན་ལམ་གྱི་མཐིལ་འཁྱགས་ནི་ཧུའུ་གཡོད་དང་མིང་ལའེ་ཧྲེང་གཉིས་ཀྱིས་བཟོས་པ་དང་ཁོང་ཚོས་ལེགས་སྐྱེས་ཕུལ་བར་ང་ཧ་ཅང་དགའ་པོ་བྱུང”ཞེས་བཤད།
          “འཁྱགས་བཟོའི་དགེ་རྒན་ཆེ་མོ་བའི་ལས་ཀ་ནི་དུས་ཡུན་རིང་པོ་སློབ་སྦྱོང་དང་གསོག་འཇོག་བྱས་པའི་བརྒྱུད་རིམ་ཞིག་ཡིན་པས་ཁོང་ཚོས་འཁྱགས་བཟོའི་ལས་ཀ་དེ་བས་གཟེངས་སུ་ཐོན་པ་ཡོང་རྒྱུ་ངའི་རེ་བ་ཡིན”ཞེས་ཧྥོ་ལི་ཆན་གྱིས་བཤད།
         ཧུའུ་གཡོད་ཀྱིས“ངའི་ཕུགས་འདུན་ཆེ་ཤོས་ནི་པེ་ཅིང་ཨོ་རྩལ་འགྲན་ཚོགས་ཀྱི་འཁྱགས་བཟོའི་ལས་ཀར་ཞུགས་རྒྱུ་ཡིན་པ་དང་དེ་ནི་ངའི་མི་ཚེ་འདིའི་གཟི་བརྗིད་ཡིན”ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།