འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྤྱིའི་འཁྱགས་ལྟིར་གྱི་རྩེར་སོན་འགྲན་བསྡུར་དུ་འགྲན་བསྡུར་རེས་སྐོར་ཐེངས་6བྱས་རྗེས་
    ཀྲུང་གོའི་རུ་ཁག་ལ་འབྲས་བཟང་ཐོབ་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་21ཉིན། 14:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།རྒྱལ་སྤྱིའི་འཁྱགས་ལྟིར་གྱི་རྩེར་སོན་འགྲན་བསྡུར་དུ་འགྲན་བསྡུར་རེས་སྐོར་ཐེངས་6བྱས་རྗེས་
ཀྲུང་གོའི་རུ་ཁག་ལ་འབྲས་བཟང་ཐོབ་པ།
          མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་18ཉིན་མཚོ་སྔོན་མདོ་པ་རྒྱལ་ཁབ་ས་མཐོའི་ལུས་སྦྱོང་རྟེན་གཞིས་2017ལོའི་ཀྲུང་གོའི་མཚོ་སྔོན་རྒྱལ་སྤྱིའི་འཁྱགས་ལྟིར་གྱི་རྩེར་སོན་འགྲན་བསྡུར་ཉིན་མོ་ཨང་བཞི་པ་བསུས་པ་རེད། དེ་གོང་ཛ་དྲག་འགྲན་བསྡུར་རེས་སྐོར་ཐེངས་6བྱས་པ་བརྒྱུད་མིག་སྔར་ཀྲུང་གོའི་སྐྱེས་པའི་རུ་ཁག་གནས་སྐབས་ཨང་དང་པོ་ཡིན་པ་དང་ཨུ་རུ་སུའི་བུད་མེད་རུ་ཁག་གནས་སྐབས་ཨང་གཉིས་པ་ཡིན་པ་རེད།
           ཚེས་18ཉིན་གྱི་སྔ་དྲོ་བུད་མེད་ཀྱི་རེས་སྐོར་ལྔ་པའི་འགྲན་བསྡུར་ཁྲོད། ཀྲུང་གོ་རུ་ཁག་6:9ཡི་གྲུབ་འབྲས་ཐོག་ནས་ཨུ་རུ་སུ་ལ་ཕམ་ཞིང་། རེས་སྐོར་གཞན་དག་འགའ་ཞིག་གི་འགྲན་བསྡུར་ཁྲོད་སུའེ་ཏེན་དང་ཁ་ན་ཏ་སོ་སོས་8:2དང་10:2ཀྱི་གྲུབ་འབྲས་ཐོག་ནས་ཨ་རི་དང་དབྱི་ཐ་ལི་རུ་ཁག་ལས་སླ་པོས་ཕམ་པར་བྱས་པ་དང་ཀྲུང་གོ་གཞོན་ནུ་རུ་ཁག་7:6གི་གྲུབ་འབྲས་ཐོག་ནས་སུའེ་ཙེར་ལས་རྣམ་པར་རྒྱལ་ཙམ་བྱུང་བ་རེད།
          ཚེས་18ཉིན་གྱི་དགོང་མོ་བུད་མེད་ཀྱི་རེས་སྐོར་དྲུག་པའི་འགྲན་བསྡུར་ཁྲོད། སྔ་དྲོ་ཕམ་ཉེས་བྱུང་བའི་ཀྲུང་གོའི་རུ་ཁག་གིས་ཁ་གཏད་ལ་གོ་སྐབས་ཕྲན་ཙམ་ཡང་མ་སྤྲད་པར་8:4ཡི་གྲུབ་འབྲས་ནས་སུའུ་ཀེ་ལན་རུ་ཁག་ལས་རྣམ་པར་རྒྱལ་མཐར་5རྒྱལ་བ་དང་1ཕམ་པའི་གྲུབ་འབྲས་ཐོག་ནས་ཨང་གཉིས་པ་ཐོབ་པ་དང་ཨུ་རུ་སུའི་རུ་ཁག་ཚང་མ་ལས་རྒྱལ་ནས་ཨང་དང་པོ་ཐོབ་པ་རེད།
          “ད་རེས་ང་ཚོའི་འགྲན་བསྡུར་དེ་ནི་ཕིང་ཁྲང་དགུན་དུས་ཨོ་རྩལ་འགྲན་ཚོགས་གོང་གི་གྲ་སྒྲིག་སྦྱོང་བརྡར་ཞིག་ཡིན། ང་ཚོ་ཚང་མས་ཏན་ཏན་ཏིག་ཏིག་གིས་འགྲན་བསྡུར་ཚང་མར་ལྟ་སྟངས་ཡག་པོ་འཛིན་གྱི་ཡོད། ངས་བྱས་ན་འགྲན་བསྡུར་གྱི་གྲུབ་འབྲས་ནི་གཙོ་བོ་མིན། འགྲན་བསྡུར་བྱེད་རིམ་བཞིན་གྱི་ནོར་འཁྲུལ་དག་ཕྱོགས་སྡོམ་ཡག་པོ་བྱ་རྒྱུ་ནི་ད་ལྟའི་ལས་འགན་གཙོ་བོ་ཞིག་རེད”ཅེས་འགྲན་བསྡུར་མཇུག་འགྲིལ་རྗེས་ཀྲུང་གོའི་འཁྱགས་ལྟིར་རུ་ཁག་གི་ཝང་པིང་ཡུས་ཀྱིས་བཤད་བྱུང་།
         ཕྱི་དྲོའི་སྐྱེས་པའི་རེས་སྐོར་དྲུག་པའི་འགྲན་བསྡུར་ནང་ཁ་ན་ཏ་དང་། སུའེ་ཙེར། སུའུ་ཀེ་ལན། ཀྲུང་གོ་བཅས་ཀྱི་རུ་ཁག་གིས་སུའེ་ཏེན་དང་། ཀྲུང་གོའི་གཞོན་ནུ། ནོར་ཝེ། ཨ་རི་བཅས་ཀྱི་རུ་ཁག་ཕམ་པར་བཟོས་ཡོད། མཐར་ཀྲུང་གོའི་རུ་ཁག་ལ་5:1གི་གྲུབ་འབྲས་ཐོག་ནས་ཨང་དང་པོ་ཐོབ་པ་དང་སུའུ་ཀེ་ལན་དང་སུའེ་ཙེར་ལ་ཨང་གཉིས་པ་དང་གསུམ་པ་སོ་སོར་ཐོབ་པ་རེད།
         ཚེས་18ཉིན་འགྲན་བསྡུར་མཇུག་འགྲིལ་རྗེས་ཀྲུང་གོའི་བུད་མེད་གཞོན་ནུ་རུ་ཁག་རུ་ཁག་9ལས་ཨང་གསུམ་པར་འཁོད་པ་དང་ཀྲུང་གོའི་སྐྱེས་པའི་གཞོན་ནུ་རུ་ཁག་ཨང་དགུ་པར་འཁོད་ཡོད།
          སྐབས་འདིའི་འགྲན་བསྡུར་བྱེད་ཡུན་ཉིན་7ཡིན་པ་དང་རྒྱལ་ཁབ་དང་ས་ཁུལ་9ནས་ཡོང་བའི་རྩེར་སོན་འཁྱགས་ལྟིར་དཔུང་ཁག་གིས་རྩལ་ནུས་ཡོད་རྒུ་བཏོན་ནས་རང་སོ་སོའི་ཁ་གཏད་དང་འགྲན་བསྡུར་དྲག་པོ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།