༄༅།།ལྷ་རིས་པ་136གི་བརྩམས་ཆོས་བོད་ལྗོངས་ཀྱི་ཐང་གའི་སྒྱུ་རྩལ་འགྲེམས་ཚོགས་ལ་ཞུགས་པ།
གསར་འགྱུར་སྤེལ་དུས། 【2017ལོའི་ཟླ་ 12ཚེས་18ཉིན། 15:06】 (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)
མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་15ཉིན། ཐང་ག་བཞེངས་རྩལ་འགྲན་བསྡུར་ཆེན་མོ་གཙོ་བོར་བྱས་པའི་བོད་ཀྱི་ཐང་གའི་སྒྱུ་རྩལ་འགྲེམས་ཚོགས་སྐབས་བདུན་པ་ལྷ་ས་གྲོང་ཁྱེར་དུ་སྤེལ་བ་རེད། ཐང་ག་བཞེངས་མཁན་136གིས་དུས་གཅིག་དུ་རྩལ་ངོམ་པའི་མཐར་ཐང་ག་བཞེངས་མཁན་མི་གྲངས་30ལ་རིམ་པ་མཐོ་དམའི་ཐང་ག་བཞེངས་མཁན་གྱི་མཚན་གནས་ཐོབ་བྱུང་བ་དང་། ཐེངས་འདིའི་འགྲན་བསྡུར་ནི་ཐང་ག་འགྲེམས་ཚོགས་སྤེལ་བ་ནས་བཟུང་གཟིགས་མོ་བ་མང་ཤོས་དང་། གཞི་རྒྱ་ཆེ་ཤོས་ཞིག་རེད།
2010ལོར་ཐང་ག་འགྲེམས་ཚོགས་ཐོག་མར་བྱས་པ་ནས་བཟུང་། ལྷ་རིས་པ་4ལ་བོད་ཀྱི་ཐང་གའི་སྒྱུ་རྩལ་དགེ་རྒན་ཆེ་མོའི་མཚན་སྙན་ཐོབ། མི་གྲངས་99ཡིག་རྒྱུགས་བཏང་ནས་རིམ་པ་དང་པོ། རིམ་པ་གཉིས་པ། རིམ་པ་གསུམ་པའི་ལྷ་རིས་པར་གཏན་འཁེལ་བྱས། ཐང་ག་འགྲེམས་ཚོགས་ནི་བོད་ཀྱི་ཐང་ག་བཞེངས་རྩལ་འགྲན་པའི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད། རིམ་པ་ཐོབ་པའི་རི་མོ་བས་ཀྱང་བོད་ཀྱི་ཐང་གའི་ཐོན་ལས་འཕེལ་རྒྱས་གཏོང་བར་སྐུལ་སྤེལ་ཆེན་པོ་ཐེབས་ཡོད།
བོད་རང་སྐྱོང་ལྗོངས་རིག་གནས་ཐིང་ཐོན་ལས་ཁྲུའུ་ཡི་འགོ་འཛིན་ནོར་བུ་ཚེ་རིང་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། ཐང་ག་འགྲེམས་ཚོགས་གཉེར་ནས་ལོ་བདུན་ནང་། རིམ་པ་ཐོབ་པའི་ཐང་ག་བཞེངས་མཁན་ཚོས་བྲིས་པའི་ཐང་གར་རིན་ཐང་ཁྱོན་བསྡོམས་སྒོར་དུང་ཕྱུར་11.3ཟིན་གྱི་ཡོད། མི་རེས་ཆ་སྙོམས་ཐད་ཀར་དཔལ་འབྱོར་རིན་ཐང་སྒོར་ཁྲི་163.4གཏོད་ཡོད། བོད་ལྗོངས་སུ་ཐང་ག་བཞེངས་མཁན་མི་གྲངས་2000ཙམ་ཡོད། ལོ་ལྟར་ཐོན་ལས་ཀྱི་ཐང་ག་རྩེ་གྲ་སྟོང་ཕྲག་ཟིན་གྱི་ཡོད་པ་དང་། ལོ་རེའི་ཐོན་འབབ་སྒོར་དུང་ཕྱུར་ཟིན་གྱི་ཡོད་ལ། ཐང་ག་ནི་བོད་ཀྱི་མིང་བྱང་ཞིག་ཏུ་གྱུར་ཡོད་པ་རེད།
ཐང་གའི་ཐོན་ལས་ཡག་པོ་དང་། ཚད་ལྡན་དུ་འཕེལ་རྒྱས་ཡོང་བར་བོད་ལྗོངས་སུ་རིམ་བཞིན་འབྲེལ་ཡོད་ཚད་གཞིའི་མ་ལག་བཟོ་བཞིན་ཡོད། དེའི་ནང་ནས་《བོད་ལྗོངས་ཀྱི་ཐང་གའི་རིགས་ལས་ས་གནས་ཀྱི་ཚད་གཞི་》ན་ནིང་ཁྱབ་བསྒྲགས་དང་ལག་བསྟར་བྱས་ཡོད། 《བོད་ལྗོངས་གྱི་སྲོལ་རྒྱུན་ཐང་ག་བཞེངས་པའི་ས་གནས་ཚད་གཞི་》དང་《བོད་ལྗོངས་ཀྱི་རིམ་པ་ཐོབ་པའི་ཐང་ག་བཞེངས་མཁན་དཔྱད་བསྡུར་གཏན་འབེབས་ཚད་གཞི་》མི་རིང་བར་ཐོན་ཉེ་ཡོད། ཐང་ག་ནི་བོད་ཀྱི་རིག་གནས་ནང་གི་དམིགས་བསལ་ཁྱད་ཆོས་ལྡན་པའི་རི་མོའི་སྒྱུ་རྩལ་ཞིག་རེད། དེར་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པ་དང་། ནང་དོན་ཐད་སངས་རྒྱས་ཀྱི་སྐུ་འདྲ། དཔེ་ཆའི་གཏམ་རྒྱུད། ཆོས་ལུགས་མི་སྣ་སོགས་ཆོས་ལུགས་བརྗོད་གཞི་དང་དམངས་སྲོལ། རིག་གནས་བཅས་གཙོ་བོར་བྱས་ཡོད། 2006ལོར་ཐང་ག་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་མིང་ཐོར་འཁོད་པ་རེད།