འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་སྦྱོང་བརྡར་རྟེན་གཞིས་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་
    འཕེལ་རྒྱས་ལ་གཡས་གཞོགས་གཡོན་འདེགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་18ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་12པའི་ཟླ་འགོར་མཚོ་བོད་ས་མཐོ་འདི་ཉིད་གྲང་ངར་ཤིན་ཏུ་ཆེ་ནའང་ཀྲུང་གོའི་ནུབ་བྱང་དུ་གནས་པའི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་སྐུ་འབུམ་རྫོང་མཚོ་སྔོན་མདོ་པ་ས་མཐོའི་ལུས་རྩལ་སྦྱོང་བརྡར་རྟེན་གཞིར་སྐྱོད་སྐབས་ལུས་རྩལ་པ་ཚོས་སྦྱོང་བརྡར་ཚ་ཚ་འུར་འུར་ངང་བྱེད་བཞིན་འདུག ཉེ་དུས་གསར་འགོད་པས་མདོ་པ་སྦྱོང་བརྡར་རྟེན་གཞིའི་ཀྲུང་གོའི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་རྟེན་གཞིར་བཅར་འདྲི་བྱས་པ་ཡིན།
          མདོ་པ་ཀྲུང་གོ་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་སྦྱོང་བརྡར་རྟེན་གཞི་དེ་2005ལོར་བཙུགས་པ་དང་མདོ་པ་སྦྱོང་བརྡར་རྟེན་གཞིའི་སྒྲིག་ཆས་དང་། ས་བབ། སྦྱོང་བརྡར་གྱི་ཁོར་ཡུག ལུས་རྩལ་ཞབས་ཞུ་ཚོགས་པ་བཅས་ཡག་པོ་ཡོད། ལོ་ལྟར་མཚོ་སྔོན་ཞིང་ཆེན་ནང་ཁུལ་དང་ཞིང་ཆེན་གཞན་གྱི་ལུས་རྩལ་པ་སྦྱོང་བརྡར་བྱེད་པར་ཡོང་མཁན་ལ་སྣེ་ལེན་ཞུ་གི་ཡོད་པ་རེད།
          དབང་པོ་སྐྱོན་ཅན་གྱི་སྦྱོང་བརྡར་རྟེན་གཞིའི་ཐོག་བརྩེགས་ཁང་ཆེན་དུ་སྐྱོད་སྐབས་གསར་འགོད་པས་ཞིབ་ཆ་མང་པོ་ཞིག་མཐོང་བྱུང་བ་སྟེ། ཐོག་བརྩེགས་ཁང་ཆེན་གྱི་སྒོ་ཁར་རྐུབ་སྟེགས་འཁོར་ལོ་ཅན་འགྲོ་ས་ཡོད་པ་དང་ཁང་པ་རྒྱ་ཆེ་བ་དང་། གློག་སྐས་བཀོལ་སྤྱོད་བྱེད་སའི་ཐོག་དབང་པོ་སྐྱོན་ཅན་གྱི་མཚོན་རྟགས་ཡོད་པ་དང་ཨང་ཀི་བསྣན་ས་ཚང་མའི་ཐོག་ལོང་བའི་ཡི་གེ་ཡོད་པ། སྔས་འགོ་དང་གསང་སྤྱོད་ཚང་མར་སྐད་བརྡ་གཏོང་ས་ཡོད་པ། ལག་པ་འཁྲུ་ས་དང་གཅིན་པ་གཏོང་སར་ལག་པ་འཇུ་ས་ཡོད་པ་བཅས་རེད།
          མདོ་པ་སྦྱོང་བརྡར་རྟེན་གཞིའི་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཀུའོ་ལི་ཅོན་གྱིས“སྒྲིག་ཆས་དེ་དག་ཚང་མས་དབང་པོ་སྐྱོན་ཅན་ལུས་རྩལ་པའི་སྦྱོང་བརྡར་དང་འཚོ་བར་སྟབས་བདེ་སྐྲུན་ནས་ཁོང་ཚོར་རང་ཁྱིམ་ལྟར་གྱི་དྲོ་སྐྱིད་ཚོར་ཐུབ་པ་བྱ་རྒྱུ་དེ་རེད”ཅེས་བཤད།
          མདོ་པ་ས་མཐོའི་ལུས་རྩལ་རྟེན་གཞིའི་ཀྲུའུ་རེན་གཞོན་པ་ཁྲེང་མེ་ཤིན་གྱིས་མདོ་པ་རྟེན་གཞིར་ཡོང་བའི་དབང་པོ་སྐྱོན་ཅན་ལུས་རྩལ་པས་གཙོ་བོ་རྒྱང་རྒྱུག་དང་འབྲིང་རྒྱུག་དང་འགྲོ་རྩལ་འགྲན་བསྡུར་སོགས་མཆོང་རྒྱུག་འཕེན་གསུམ་གྱི་སྦྱོང་བརྡར་བྱེད་ཀྱི་ཡོད་པ་དང་འདི་ལོ་རྐང་འཁོར་རྣམ་གྲངས་ཀྱི་སྦྱོང་བརྡར་མང་དུ་བཏང་ཡོད་ཅེས་བཤད།
          ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་མདོ་པ་དབང་པོ་སྐྱོན་ཅན་ལུས་རྩལ་སྦྱོང་བརྡར་རྟེན་གཞིར་སྦྱོང་བརྡར་བྱེད་པར་ཡོང་བའི་དབང་པོ་སྐྱོན་ཅན་ལུས་རྩལ་པ་30ལྷག་ཙམ་ཡོད་པའི་ནང་མཚོ་སྔོན་ཞིང་ཆེན་གྱི་དབང་པོ་སྐྱོན་ཅན་གྱི་་འགྲོ་རྩལ་འགྲན་བསྡུར་རུ་ཁག་དང་། དབང་པོ་སྐྱོན་ཅན་གྱི་རྒྱང་རྒྱུག་དང་འབྲིང་རྒྱུག་རུ་ཁག དབང་པོ་སྐྱོན་ཅན་གྱི་རྐང་འཁོར་རུ་ཁག་བཅས་དང་དེ་བཞིན་ཧོ་ནན་གྱི་དབང་པོ་སྐྱོན་ཅན་གྱི་རྐང་འཁོར་རུ་ཁག་བཅས་ཡོད་པ་རེད། དགུན་དུས་ཀྱི་རྣམ་གྲངས་དར་སྤེལ་བཏང་བ་དང་བསྟུན་ནས་ད་ཆ་དབང་པོ་སྐྱོན་ཅན་ལུས་རྩལ་པ་ཁག་གཅིག་འདི་གར་རྣམ་གྲངས་གཞན་སྦྱོང་བརྡར་བྱེད་བཞིན་ཡོད་པ་རེད།
          ཁྲེང་མེ་ཤིན་གྱིས“མཚོ་སྔོན་མདོ་པ་སྦྱོང་བརྡར་རྟེན་གཞི་ས་བབ་མཐོ་བ་དང་མཁའ་རླུང་ཡག་པོ་ཡོད། འདི་གའི་ལེགས་ཆའི་རྣམ་གྲངས་ཀྱང་རྒྱང་རྒྱུག་དང་འབྲིང་རྒྱུག་དང་འགྲོ་རྩལ་འགྲན་བསྡུར་སོགས་རེད། འདི་ལོའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་འགྲོ་རྩལ་འགྲན་བསྡུར་གྱི་ཨང་གཉིས་པ་ཐོབ་མཁན་ཆོས་དབྱིངས་སྐྱིད་དང་ད་དུང་དེ་སྔ་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཐོག་སྨི་ཁྲི་ཡི་ཨང་དང་པོ་ཐོབ་མཁན་ཚའོ་མོ་ཅེ་ཚང་མ་འདི་གར་དུས་ཡུན་རིང་པོ་སྦྱོང་བརྡར་བྱས་ནས་བསྡད་པ་དང་ཐེག་ཤུགས་རྣམ་གྲངས་ཀྱི་དབང་པོ་སྐྱོན་ཅན་ཕུལ་བྱུང་ལུས་རྩལ་པ་མང་པོ་ཞིག་ཀྱང་ཐོན་ཡོད”ཅེས་བཤད།
           ཤེས་རྟོགས་བྱུང་བར་གཞིགས་ན། སྦྱོང་བརྡར་བྱ་ཡུལ་དང་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་བྱས་པ་ཕུད་མཚོ་སྔོན་ལུས་རྩལ་ཅུས་ཀྱི་ལུས་རྩལ་ཚན་རིག་སུའོ་ཡིས་ད་དུང་དུས་བཀག་ཐོག་ལུས་རྩལ་པ་ཚོར་གཟུགས་པོ་བརྟག་དཔྱད་དང་སྦྱོང་བརྡར་མཛུབ་ཁྲིད་སོགས་བྱས་ཏེ་ཁོང་ཚོར་ས་བབ་མཐོ་ཁུལ་དུ་ཚན་རིག་དང་མཐུན་པའི་སྦྱོང་བརྡར་བྱེད་བདེ་པོ་དང་སྦྱོང་བརྡར་གྱི་ཕན་འབྲས་ཆེ་རུ་གཏོང་ཐུབ་པ་བྱེད་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།