འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གནམ་ཐང་དུ་འཕུར་དངོས་ཆུང་གྲས་འཕུར་སྐྱོད་བཀག་འགོག་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་18ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་གྱིས་ཞིང་ཆེན་ཡོངས་སུ་གནམ་ཐང་སོ་སོའི་མཁའ་སྐྱོད་ཐོགས་མེད་སྲུང་སྐྱོང་ཁུལ་དུ“མཐོ་ཚད་དམའ་བ་དང་། མྱུར་ཚད་དལ་བ། དབྱིབས་ཆུང”བཅས་ཀྱི་འཕུར་དངོས་ཆུང་གྲས་འཕུར་སྐྱོད་བྱེད་མི་ཆོག་པའི་གཏན་འབེབས་བྱས་ཤིང་། དེའང་མཐོ་ཚད་སྨི་500ལས་དམའ་བ་དང་། མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ་200ལས་དལ་བ། ལེ་ཏར་འཐེན་པའི་ལྡོག་འཕྲོའི་རྒྱ་ཁྱོན་སྨི་ངོས་གྲུ་2ལས་ཆུང་བ་བཅས་ཀྱི་འཕུར་དངོས་ཆུང་གྲས་འཕུར་སྐྱོད་བྱེད་ཆོག་གི་མེད། གལ་སྲིད་གཏན་འབེབས་ལས་འགལ་ཚེ་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་བཞིན་ཆད་པ་གཅོད་རྒྱུ་ཡིན་པ་རེད།
         《གནམ་ཐང་གི་མཁའ་སྐྱོད་ཐོགས་མེད་སྲུང་སྐྱོང་ཁུལ་དུ“མཐོ་ཚད་དམའ་བ་དང་། མྱུར་ཚད་དལ་བ། དབྱིབས་ཆུང་བ”བཅས་ཀྱི་འཕུར་དངོས་ཆུང་གྲས་འཕུར་སྐྱོད་བྱེད་མི་ཆོག་པའི་སྐོར་གྱི་གཏན་འབེབས་》ལ་གཞིགས་ན། ཟི་ལིང་ཚའོ་ཅ་པའོ་གནམ་ཐང་དང་། མཚོ་ནུབ་ཀྲོའུ་ཡི་གོར་མོ་གནམ་ཐང་། མཚོ་ནུབ་ཀྲོའུ་ཡི་གཏེར་ལེན་ཁ་གནམ་ཐང་། མཚོ་ནུབ་ཀྲོའུ་ཡི་ཧྭ་ཐུའུ་རོང་གནམ་ཐང་། ཡུལ་ཤུལ་ཀྲོའུ་ཡི་འབའ་ཐང་གནམ་ཐང་། མགོ་ལོག་ཀྲོའུ་ཡི་རྨ་ཆེན་གནམ་ཐང་བཅས་ཀྱི་གནམ་གྲུའི་རྒྱུག་ལམ་ལྟེ་བའི་ཐིག་གཡས་གཡོན་གྱི་སྤྱི་ལེ་10དང་རྒྱུག་ལམ་སྣེ་མོའི་སྤྱི་ལེ་20ལས་གྲུབ་པའི་རྒྱ་ཁྱོན་ཧ་ཅང་ཆེ་བའི་ས་ཁོངས་དག་གནམ་ཐང་གི་མཁའ་སྐྱོད་ཐོགས་མེད་སྲུང་སྐྱོང་ཁུལ་ཡིན་པ་འཁོད་ཡོད།
          དེའི་ནང་། གཏོང་མི་ཆོག་པའི་འཕུར་དངོས་ཆུང་ངུའི་ཁོངས་སུ་མི་མེད་གནམ་གྲུ་དང་། ཡང་བ་དང་ཆེས་ཡང་བའི་གནམ་གྲུ ཡང་བའི་ཐད་འཕུར་གནམ་གྲུ རླུང་འདེད་འཕུར་གྲུ ཟུར་གསུམ་འཕུར་གྲུ མཆོང་གདུགས། སྒུལ་གདུགས། ཚ་རླངས་ལྒང་ཕུག འཕུར་གྲུ མཁའ་སྐྱོད་འདྲ་བཟོས་གནམ་གྲུ། མཁའ་འཕྱང་རླུང་ལྒང་། འདོགས་ལྒང་། ཁུང་མིང་ལྒང་བཞུ་བཅས་གཙོ་བོ་དང་དོ་དམ་བྱེད་དགོས་པའི་ཉེན་ཡོད་ཀྱི“མཐོ་ཚད་དམའ་བ་དང་། མྱུར་ཚད་དལ་བ། དབྱིབས་ཆུང”བཅས་ཀྱི་འཕུར་དངོས་ཆུང་གྲས་གཞན་དག་ཀྱང་ཚུད་ཡོད།
          ད་ཆ་གཏན་འབེབས་འདི་ལག་ལེན་བསྟར་འགོ་ཚུགས་ཡོད། མཁའ་སྐྱོད་བཀག་སྡོམ་སྡེ་ཚན་གྱི་ཆོག་མཆན་མི་ཐོབ་པར་གཏན་འབེབས་ལས་འགལ་ཏེ་འཕུར་མི་ཆོག་པའི་ས་ཁོངས་འཕུར་དངོས་ཆུང་གྲས་སུ་འཕུར་སྐྱོད་བྱས་ནས་དམངས་སྤྱོད་དུས་གཏན་གནམ་གྲུའི་རྒྱུན་གཏན་འཕུར་སྐྱོད་ལ་འགོག་རྐྱེན་བཟོས་ཚེ། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་བཞིན་ཆད་པ་གཅོད་རྒྱུ་དང་། ཉེས་གསོག་གི་དོགས་གཞི་ཡོད་རིགས་ལ་ཁྲིམས་བཞིན་ཉེས་དོན་གྱི་འགན་འཁྲི་རྩད་གཅོད་གཏོང་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།