འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།བཟོ་བོའི་སྙིང་རུས་ལ་བརྟེན་ནས་ཀྲུང་གོའི་ཐོན་ནུས་སྤུས་ལེགས་ཕྱི་ཕྱོགས་སུ་ངོམས་པ།

    —— ཀྲུང་ཕའི་དཔལ་འབྱོར་བར་ཁྱམས་སུ་བསྐྱོད་པའི“ལུའུ་པན་བྱ་དགའི”རྣམ་གྲངས་ཐོག་མ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་18ཉིན། 10:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          ཕ་ཁི་སི་ཐན་ཕང་ཀྲེ་པུའུ་ཞིང་ཆེན་ཅའོ་ལི་སི་ཐན་བྱེ་ཐང་གི་མཐར་ཤིན་ཏུ་བརྗིད་ཆགས་པའི“སྔོ་ཐིང་ངེར་གནས་པའི་རྒྱ་མཚོ”ཞིག་ཡོད། དེས་གནས་དེའི་ཕུན་སུམ་ཚོགས་པའི་འོད་ནུས་དེ་གློག་ནུས་སུ་བསྒྱུར་ཏེ་པ་ཧ་ཝར་པུར་ས་ཁུལ་ཉེ་འགྲམ་གྱི་གྲོང་མིར་བདེ་སྐྱིད་སྐྲུན་གྱི་ཡོད།
          “སྔོ་ཐིང་ངེར་གནས་པའི་རྒྱ་མཚོ”དེ་ནི་ཀྲུང་གོ་དབྱི་ཡེ་ཚོགས་པ་ཚད་ཡོད་ཀུང་སིས་སྐྲུན་འགན་ཁུར་བའི་ཕ་ཁི་སི་ཐན་གྱི་ཀྲོའོ་ཝ་300ཡི་འོད་ཤུགས་གློག་ཁང་གི་དུས་ཐེངས་དང་པོའི་རྣམ་གྲངས་ཤིག་རེད། རྣམ་གྲངས་དེ་ནི་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་ཀྱི་སྔོན་ལ་ལག་བསྟར་བྱས་པའི་རྣམ་གྲངས་ཀྱི་གྲས་ཤིག་ཡིན་ལ་བར་ཁྱམས་རྣམ་གྲངས་ཁྲོད་ཐོན་སྐྱེད་བྱེད་འགོ་ཚུགས་སྔ་ཤོས་ཀྱི་ནུས་རྒྱུའི་རྣམ་གྲངས་ཤིག་ཀྱང་རེད།
         ཚད་བརྒལ་གྱི་སྒྲིག་སྦྱོར་མྱུར་ཚད་དང་ཚད་གཞི་དང་། ཕུལ་བྱུང་གི་ཁོར་ཡུག་སྲུང་སྐྱོང་། ས་ཁོངས་ཅན་གྱི་བྱེད་ཐབས་བཅས་ལས་ཕན་པ་ཐོབ་པའི་འོད་ཤུགས་རྣམ་གྲངས་དེར་འདི་ལོའི་ཟླ་11པར་ཀྲུང་གོ་འཛུགས་སྐྲུན་ལས་རིགས་ཀྱི་བཟོ་གྲྭའི་སྤུས་ཚད་མཐོ་ཤོས་ཀྱི་བྱ་དགའ——ལུའུ་པན་བྱ་དགའ་རག་པ་དེ་ནི་ཀྲུང་ཕ་དཔལ་འབྱོར་བར་ཁྱམས་བཏོན་རྗེས་བྱ་དགའ་ཨང་དང་པོར་ཐོབ་པའི་རྣམ་གྲངས་ཤིག་རེད།
         ན་ནིང་ཟླ་6པར་སྐྲུན་མཇུག་འགྲིལ་རྗེས་འོད་ཤུགས་གློག་ཁང་དེས་རིམ་རྩིས་ལྟར་ན་གློག་ཏུའུ་དུང་ཕྱུར་7.3བཏང་ནས་པ་ཧ་ཝར་པུར་ས་ཁུལ་གྱི་དུད་ཚང་ཁྲི་28ཙམ་གྱི་གློག་གཏོང་སྒྲིག་ཆས་གཙོ་བོར་གྱུར་ཡོད།
         རྣམ་གྲངས་ཁུལ་གྱི་ས་ཡུལ་དངོས་སུ་ཤེལ་མང་ཀུའེ་ཉི་ནུས་གློག་པང་སྟར་པ་རེ་རེ་བཞིན་གྲལ་སྟར་བསྒྲིགས་ཡོད། དུས་ཐེངས་དང་པོའི་ཀྲའོ་ཝ་50ཡི་འོད་ཤུགས་པང་ལེབ་ས་བབ་ལ་གཞིགས་ནས་བསྐྲུན་པ་དང་དེ་སྔ་དུས་ཡུན་ལོ་ཕྱེད་རིང་ལེགས་གྲུབ་ཐུབ་པའི་ལས་འགན་དུས་ཐུང་ཟླ་བ་གཉིས་དང་ཟླ་ཕྱེད་རིང་ལེགས་གྲུབ་ཟིན་ཏེ་ཕ་ཁི་སི་ཐན་གྱི་བྱེ་ཐང་དུ“ཀྲུང་གོའི་མྱུར་ཚད”ཀྱི་བྱས་རྗེས་བཏོད་པ་རེད། དེའི་རྗེས་ཀྱི་ཀྲའོ་ཝ་250ཡི་འོད་ཤུགས་པང་ལེབ་ཁོད་སྙོམས་པའི་ས་ངོས་སུ་སྒྲིག་སྦྱོར་བྱས་པ་རེད། འོད་ཤུགས་པང་ལེབ་རེ་རེའི་བར་ཐག་དང་མཐོ་ཚད་ཧ་ལམ་ཚང་མ་གཅིག་མཚུངས་ཡིན་ཞིང་། རིང་ཚད་སྨི་བཅུ་ཕྲག་ཁ་ཤས་ཡོད་པའི་སྟར་སྒྲིག་ནི་ཐིག་ཤིང་ཞིག་དང་མཚུངས། འདི་ལྟར་གྱི་སྒྲིག་སྦྱོར་ནི་རྒྱལ་སྤྱིའི་ཚད་གཞིར་སླེབས་པའམ་དེ་ལས་བརྒལ་ཡོད་པ་རེད།
         ཉེ་བའི་ལོ་ཤས་རིང་རྣམ་གྲངས་གཉེར་ཡུལ་གྱི་ཕང་ཀྲེ་པུའུ་ཞིང་ཆེན་གྱི་མཁའ་རླུང་སྤུས་ཚད་ཧ་ཅང་ཞན་དུ་ཕྱིན་པ་དང་སྨུག་རྡུལ་གྱི་གནད་དོན་རྒྱུན་ཆད་མེད་པར་ཚབས་ཆེ་རུ་འགྲོ་བཞིན་ཡོད་པས་འབུད་ཚད་མཐོ་བའི་འབར་སྣུམ་གྱི་གློག་འདོན་ཚད་ཉུང་དུ་དང་དྭངས་གཙང་ནུས་རྒྱུ་འཕེལ་རྒྱས་གཏོང་རྒྱུ་ནི་ས་གནས་དེ་གས་ནུས་རྒྱུའི་གྲུབ་ཆ་ལེགས་བཅོས་དང་མཁའ་རླུང་སྦགས་བཙོག་ཉུང་དུ་གཏོང་བའི་གདམ་ག་ཉག་གཅིག་དེ་ཡིན་པ་དང་ཕྱིར་འབུད་མེད་པའི་ཉི་ནུས་ནི་གདམ་གའི་གྲས་ཤིག་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། དུས་ཐེངས་དང་པོའི་ཀྲའོ་ཝ་300ཡི་འོད་ཤུགས་པང་ལེབ་ཀྱིས་ལོར་གློག་འདོན་ཚད་ཏུའུ་དུང་ཕྱུར་4.8ཙམ་ཟིན་གྱི་ཡོད་པ་དེ་གློག་འདོན་ཚད་གཅིག་མཚུངས་ཀྱི་མེ་ཤུགས་གློག་ཁང་དང་བསྡུར་ན་ལོར་ཚད་ལྡན་རྡོ་སོལ་ཏུན་ཁྲི་15.36གྲོན་ཆུང་ཐུབ་ཀྱི་ཡོད། གཞན་ཡང་ཉི་ནུས་གློག་འདོན་གྱིས་ད་དུང་མཁའ་རླུང་སྦགས་བཙོག་དངོས་པོ་ཕྱིར་འབུད་བྱེད་ཚད་ཉུང་དུ་དང་ཚྭ་མེད་ཆུའི་ཐོན་ཁུངས་དང་སྙིགས་རོ་མེད་པར་བཟོ་བ་སོགས་ཁོར་ཡུག་གི་མ་གནས་གྲོན་ཆུང་ཐུབ་ཀྱི་ཡོད།
         རྣམ་གྲངས་དེས་ས་གནས་དེ་གའི་ལས་ཞུགས་ལ་སྐུལ་ཁྲིད་ཧུར་ཐག་བྱས་ནས་འཛུགས་སྐྲུན་མང་བའི་དུས་སུ་ས་གནས་དེ་གར་ལས་གནས་5000ལྷག་ཙམ་མཁོ་འདོན་བྱེད་པ་ལས། ཨར་འདམ་དང་ལྕགས་རྩིབས་ཚུད་པའི་འཛུགས་སྐྲུན་གྱི་རྒྱུ་ཆ་ཚང་མ་ས་གནས་དེ་རང་ནས་ཉོ་གི་ཡོད་པས་ཚད་གཞི་ངེས་ཅན་ཞིག་ནས་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་ཐུབ་ཡོད།
         འདི་ནི་ཀྲུང་གོ་དབྱི་ཡེ་ཡིས་སྐྲུན་འགན་ཁུར་བའི་ནུས་རྒྱུ་གསར་པའི་རྣམ་གྲངས་ཐོག་མ་དེ་ཡིན་པ་དང་འཛུགས་སྐྲུན་བརྒྱུད་རིམ་ནང་རྒྱལ་ནང་གི་ལག་རྩལ་གསར་པ་མང་པོ་སྤྱད་ཡོད་པ་མ་ཟད། ད་དུང་ཆེད་ཁེའི་རྣམ་གྲངས་མང་པོ་ཞིག་ལ་ཞིབ་འཇུག་བྱས་ནས་སྔོན་ཐོན་གྱི་ལག་རྩལ་ཕ་ཁི་སི་ཐན་དུ་ཁྱེར་ཏེ་བཟོ་བོའི་སྙིང་རུས་ལ་བརྟེན་ནས་ཀྲུང་ཕའི་དབར་གྱི་དཔལ་འབྱོར་བར་ཁྱམས་བཏོད་ཡོད་ཅེས་ཀྲུང་གོ་དབྱི་ཡེ་ཕ་ཁི་སི་ཐན་ཡན་ལག་ཀུང་སིའི་ཅིང་ལི་གཞོན་པ་ཀུང་ཞའོ་པིན་གྱིས་བཤད།
          ཀུང་ཞའོ་པིན་གྱིས་ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོའི་ཁེ་ལས་ཀྱིས་ཀྲུང་གོའི་ཁེ་ལས་ཀྱི་ནུས་པ་ཆེ་བ་དང་། ཚད་གཞི་མཐོ་བ། རེ་བ་ནན་པ་བཅས་ཀྱི་ཉམས་སད་ཐེག་པའི་སྤྱོད་ཚུལ་མངོན་པར་བྱས་ཚེ་དེ་བས་ལེགས་པའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་ཁེ་ལས“ཕྱིར་སྐྱོད་པའི”འཐབ་ཇུས་དོན་འཁྱོལ་བྱེད་ཐུབ་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།