འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།སིང་ཀ་ཕོར་གྱིས་མི་སྡོད་རྒྱུར་འཚམ་པའི་ལྗང་མདོག་ཁྱིམ་གཞིས་བསྐྲུན་པ། 

    འདི་ག་ཚགས་པར་གྱི་གསར་འགོད་པ། དབྱང་ཞུན་གྱིས། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་17ཉིན། 11:42】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། སིང་ཀ་ཕོར་གྱི་སྣོད་བཅུད་གྲོང་རྡལ་དང་པོ་ཡིན་པའི་པང་ཨེ་ནི་སིང་ཀ་ཕོར་གྱི་ཁང་གོང་ཁེ་བའི་སྡོད་ཁུལ་གྱི་ཚབ་མཚོན་ལྟ་བུ་ཞིག་ཡིན་པ་དེ་སིང་ཀ་ཕོར་ཁང་སྐྲུན་འཕེལ་རྒྱས་ཅུས་ཀྱིས་འཆར་འགོད་བྱས་པ་ཞིག་ཡིན་ཞིང་། ཁང་གོང་ཁེ་བའི་སྡོད་ཁུལ་དང་ཀྲུང་གོའི་གོང་ཁེ་གོ་ཆོད་སྡོད་ཁང་འདྲ་པོ་ཡོད་པ་དེའི་སྤུས་ཚད་ལ་འགན་ལེན་ཡོད་པ་མ་ཟད། འགྲིམ་འགྲུལ་སྟབས་བདེ་བ་དང་ཁོར་ཡུག་སྲུང་སྐྱོང་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། སློབ་གསོའི་ལས་ཀར་གཞོལ་བཞིན་པའི་ཀྲེན་དབྱི་ཧྥུན་པང་ཨེ་རུ་འཚོ་བ་བསྐྱལ་ནས་ལོ་10སོང་ཞིང་། ཁང་གོང་ཁེ་བའི་སྡོད་ཁུལ་འཕེལ་རྒྱས་བརྒྱུད་རིམ་ལ་ཕྱིར་དྲན་བྱེད་སྐབས་མྱོང་བ་ཟབ་མོ་སྐྱེ་བཞིན་དུ་དང་ཐོག་པང་ཨེ་ནི་སྤྱི་གླིང་དང་ཟོག་ཉོ་ལྟེ་གནས་སོགས་ལྷན་སྦྱར་སྒྲིག་བཀོད་མེད་པའི་ཐག་རིང་ལུང་ཁུག་ཅིག་རེད། ད་ཆ་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད་པས། ཁོམ་པ་ཡོད་དུས་ཁོང་གིས་ལོ་གསུམ་ལ་སླེབས་པའི་བུ་མོ་ཁྲིད་ནས་འཆམ་འཆམ་དུ་སྐྱོད་ཀྱི་ཡོད་པས“སྣོད་བཅུད་གྲོང་རྡལ་གྱི་ཁོར་ཡུག་ལོ་རེ་བཞིན་འགྱུར་ལྡོག་ཡག་པོ་འགྲོ་ཡི་འདུག”ཅེས་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་བའི་བསམ་པ་འཆང་བཞིན་བརྗོད།
          སིང་ཀ་ཕོར་རྒྱལ་ཁབ་བཙུགས་མཚམས་སུ་དཔལ་འབྱོར་དང་དམངས་འཚོ་ཧ་ཅང་ཉམས་ཞན་ཡིན་པ་དང་འཚོ་སྡོད་ཆ་རྐྱེན་ཡག་པོ་མེད། དེར་བརྟེན། སིང་ཀ་ཕོར་སྲིད་གཞུང་གིས་ཁང་གོང་ཁེ་བའི་སྡོད་ཁུལ་ཧུར་ཐག་བསྐྲུན་ནས་ལས་ཀ་ཡོད་པའི་མི་ཚང་མས་ཁང་པ་ཉོ་ཐུབ་པའི་འགན་ལེན་བྱས་ཏེ། རྒྱལ་དམངས་ཀྱི་གཏོགས་སེམས་ཆེ་རུ་བཏང་བ་རེད། 2015ལོར་སིང་ཀ་ཕོར་སྲིད་གཞུང་གིས་རྒྱུན་མཐུད་འཕེལ་རྒྱས་ཀྱི་འཆར་གཞི་ཁྱབ་བསྒྲགས་བྱས་ཐོག འཚོ་བའི་ཁོར་ཡུག་ལེགས་སུ་སྔར་བས་གཏོང་ཐབས་བྱས་ནས་མི་སྡོད་རྒྱུར་འཚམ་པའི་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་དང་དེ་བཞིན་རྒྱུན་མཐུད་འཕེལ་རྒྱས་ཀྱི་གསོན་ཤུགས་ལྡན་པའི་གྲོང་ཁྱེར་བཏོད་པ་རེད།
         ལོ་བཅུ་ཕྲག་གི་འཕེལ་རྒྱས་བརྒྱུད་ད་ཆ་སིང་ཀ་ཕོར་གྱིས“སྡོད་མཁན་ལ་ཁང་པ་ཡོད་པའི”རེ་འདུན་མངོན་འགྱུར་བྱས་པ་རེད། སིང་ཀ་ཕོར་ཁང་སྐྲུན་འཕེལ་རྒྱས་ཅུས་ཀྱི་ཁྲུའུ་ཀྲང་ཁྲེན་སི་ཀྲུང་གིས་ངོ་སྤྲོད་བྱས་དོན། སྲིད་གཞུང་གིས་ད་ཆ་སྡོད་ཁང་ཁྲི་100ལས་བརྒལ་བའི་ཁང་གོང་ཁེ་བའི་སྡོད་ཁུལ་བསྐྲུན་ཟིན་ནས། སིང་ཀ་ཕོར་གྱི་མི་80%སྲིད་གཞུང་གིས་མཁོ་འདོན་བྱས་པའི་ཁང་གོང་ཁེ་བའི་སྡོད་ཁུལ་ནང་སྡོད་རྒྱུ་བྱུང་བ་དང་། དེའི་ཁྲོད་ཀྱི་དུད་ཚང་94%ཡིས་རང་སྡོད་སའི་ཁང་གོང་ཁེ་བའི་སྡོད་ཁུལ་གྱི་ཁང་པ་ཉོས་པ་རེད།
         སིང་ཀ་ཕོར་གྱི་ཁང་གོང་ཁེ་བའི་སྡོད་ཁུལ་ལམ་ལྷོངས་བྱུང་བ་དེ་ཕུགས་རིང་ཞིང་ཞིབ་ཚགས་པའི་འཆར་འགོད་དང་ཁ་འབྲལ་ཐབས་མེད། སིང་ཀ་ཕོར་གྱི་བཟོ་སྐྲུན་མཁས་ཅན་ཁྲེན་ཧུའེ་ཆིས་ངོ་སྤྲོད་བྱས་པར་གཞིགས་ན། ཁང་གོང་ཁེ་བའི་སྡོད་ཁུལ་གྱི་ཁུལ་ཆུང་ཚང་མ་ཁྱོན་ཡོངས་ནས་འཆར་འགོད་ཀྱིས་རླུང་འགྲོ་དང་། ཉི་འོད། ཆར་ཆུ་རུབ་སྡུད། བེད་མེད་དངོས་པོ་ཕྱིར་སྡུད་སོགས་ཀྱི་ཐད་ལ་བསམ་བློ་བཏང་བ་མ་ཟད་ད་དུང་ས་འོག་ལྕགས་ལམ་དང་། རླངས་འཁོར་བབས་ཚུགས། ཟོག་ཉོ་ལྟེ་གནས་བཅས་དང་དེ་བཞིན་བྱིས་པའི་རོལ་རྩེད་ཁང་དང་ལུས་སྦྱོང་ཁང་སོགས་མང་ཚོགས་ཀྱི་དགོས་མཁོ་དང་འཚམ་པའི་རྨང་གཞིའི་སྒྲིག་བཀོད་བཙུགས་ནས་ཡུལ་མི་ཚོའི་འཚོ་བར་སྔར་བས་སྟབས་བདེ་བསྐྲུན་ཡོད་པ་དང་། ལོ་མང་པོ་ཕྱིན་ཡང་ཉམས་གསོ་མ་བྱས་པའི་ཁང་གོང་ཁེ་བའི་སྡོད་ཁུལ་རིགས་ལ། སིང་ཀ་ཕོར་སྲིད་གཞུང་གིས་ཁྱོན་ཡོངས་ཀྱི་ཉམས་གསོའི་འཆར་གཞི་བཀོད་དེ། དེ་གའི་ཡུལ་མི་རྣམས་གཅིག་བསྡུས་ཐོག་ཉེ་འཁོར་གྱི་ཁང་གོང་ཁེ་བའི་སྡོད་ཁུལ་གསར་པར་སྤོ་བཅུག་ནས་འཚོ་བའི་ཁོར་ཡུག་སྔར་ལས་ཡག་པ་ལོངས་སུ་སྤྱོད་ཆོག་པ་མ་ཟད་ལོ་མང་རིང་གི་ཁྱིམ་མཚེས་འབྲེལ་བ་ཡང་རྒྱུན་འཁྱོངས་བྱེད་ཐུབ་ཀྱི་ཡོད་པ་རེད།
         སྡེ་ཁུལ་གྱི་སྣོད་བཅུད་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་གཏོང་རྒྱུ་ནི་སིང་ཀ་ཕོར་གྱི་ཁང་གོང་ཁེ་བའི་སྡོད་ཁུལ་གྱི་ཁྱད་ཆོས་ཆེན་པོ་གཞན་ཞིག་ཡིན། པང་ཨེ་ལ་མཚོན་ན། སྤྱི་ལེ་4.2ཡོད་པའི་པང་ཨེ་ཆུ་ལམ་ནི་སིང་ཀ་ཕོར་གྱི་མིས་བཟོས་ཆུ་ལམ་རིང་ཤོས་ཡིན་ལ། དེའི་མཐའ་འཁོར་དུ་ཆུ་སྤུས་ལེགས་སུ་གཏོང་ཐུབ་པའི་སྡོང་དམར་ནགས་ཚལ་བཙུགས་ཡོད་པས་ཆུ་འགྲམ་གྱི་ལྗང་མདོག་འཚོ་བའི་འདུ་ཤེས་མངོན་ཡོད། གཞན་ཡང་། ཁང་གོང་ཁེ་བའི་སྡོད་ཁུལ་སྤྱིར་བཏང་ཐད་གཏུག་སྔོ་འགྱུར་ལྟར་འཆར་འགོད་བྱས་ཡོད་པས་རྒྱང་རིང་ནས་བལྟས་ན་སྔོ་ཐིང་ངེར་གནས་ཡོད་པ་རེད།
          མང་ཚོགས་ཀྱིས་ཁང་གོང་ཁེ་བའི་སྡོད་ཁུལ་ཉོ་ཐུབ་པ་བྱེད་ཆེད། སིང་ཀ་ཕོར་སྲིད་གཞུང་གིས་ཁང་པ་ཉོ་ཐད་གཏན་འབེབས་ཁག་གཅིག་བཏོན་ཡོད་པ་རེད། སིང་ཀ་ཕོར་ཁང་སྐྲུན་འཕེལ་རྒྱས་ཅུས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཁང་གོང་ཁེ་བའི་སྡོད་ཁུལ་གྱི་རིན་གོང་ནི་སྒེར་གྱི་སྡོད་ཁང་རིན་གོང་གི་ཕྱེད་ཀ་ཡིན་པ་མ་ཟད། མང་ཚོགས་མང་ཆེ་བས་དངུལ་བུན་དང་སྤྱི་གསོག་མ་དངུལ་ལ་བརྟེན་ནས་ཉོ་ཆོག་གི་ཡོད། དུས་རབས་ཀྱི་འཕེལ་རྒྱས་དང་མང་ཚོགས་ཀྱི་རེ་བ་འཆང་ཚད་མཐོ་རུ་ཕྱིན་པ་དང་བསྟུན་ནས། ཁང་གོང་ཁེ་བའི་སྡོད་ཁུལ་གྱིས་མང་ཚོགས་ལ་བདེ་སྐྱིད་སྐྲུན་པ་དང་ཆབས་ཅིག་རྒྱུན་ཆད་མེད་པར་ལེགས་སུ་གཏོང་དགོས་པའི་གནད་དོན་ཡང་འཕྲད་ཡོད་པ་རེད། ཀྲེན་དབྱི་ཧྥུན་གྱིས་བལྟས་ན། མཐའ་འཁོར་གྱི་བྱིས་པ་མང་དུ་ཕྱིན་པ་དང་བསྟུན་ནས། ཁོང་གིས་པང་ཨེ་སྣོད་བཅུད་གྲོང་རྡལ་དུ་མ་འོངས་པར་བུ་བཅོལ་ཁང་དང་སློབ་གྲྭ་སྔར་བས་མང་པོ་བསྐྲུན་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་རེད། སིང་ཀ་ཕོར་ཁང་སྐྲུན་འཕེལ་རྒྱས་ཅུས་ཀྱི་ལས་དོན་མི་སྣས། ས་གནས་དེ་གའི་མང་ཚོགས་དང་། བཟོ་སྐྲུན་མཁས་ཅན། མཁས་དབང་བཅས་ཀྱི་བསམ་འཆར་ལ་ཉན་རྗེས་ཚད་གཞི་སྔར་བས་མཐོ་བའི་ཁང་གོང་ཁེ་བའི་སྡོད་ཁུལ་འཆར་འགོད་བྱས་ཏེ། “སྡོད་སའི་ཁང་པ་ཡོད་པ”ནས“མི་སྡོད་རྒྱུར་འཚམ་པའི་ཁང་པ་ཡོད་པའི”བར་དུ་རྒྱུན་མཐུད་འཕེལ་རྒྱས་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།