འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་མེ་ཏོག་རྫོང་གིས་ཁྱད་ལྡན་ཐོན་ལས་བཀོད་སྒྲིག་བྱས་ཏེ་མང་ཚོགས་དབུལ་སྒྲོལ་
    ཕྱུག་འགྱུར་ཐུབ་རྒྱུར་རོགས་རམ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་16ཉིན། 14:50】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། “ང་ཚོའི་གྲོང་ཚོར་ཇ་ཤིང་ར་བ་3ཡོད་པར་ཁྱོན་མུའུ་450ལྷག་ཙམ་ཟིན་ཡོད། ཇ་བཏབ་པ་ལས་ཚང་མར་འཚོ་བ་ཡག་པོ་སྐྱེལ་རྒྱུ་བྱུང་ཡོད”ཅེས་བོད་ལྗོངས་མེ་ཏོག་རྫོང་མེ་ཏོག་གྲོང་ཚོའི་གྲོང་མི་པད་མ་དབྱངས་ཅན་གྱིས་གསར་འགོད་པར་བཤད། མིག་སྔར། དེ་གའི་གྲོང་མི་ཚོ་ཇ་ལོ་འཐུ་བཞིན་ཡོད་ལ“ཕྱུག་འགྱུར་ཇ་ལོ”དེ་དག་ཇ་ལོ་ལས་སྣོན་བཟོ་གྲྭར་བསྐྱལ་ནས་ཕྱིར་ཚོང་བྱ་རྩིས་ཡོད་པ་རེད།
          ཇའི་ཐོན་ལས་ལ་བརྟེན་ནས་དབུལ་སྐྱོར་བྱེད་པ་ནི་མེ་ཏོག་གི་ཁྱད་ལྡན་ཐོན་ལས་དབུལ་སྐྱོར་གྱི་བསྡུས་རིས་ཤིག་ཡིན། སྤུས་ལེགས་ཀྱི་ཞིང་ཞོར་ཐོན་རྫས་ཐོན་སྐྱེད་རྟེན་གཞི་འཛུགས་སྐྲུན་བྱ་ཆེད། ཉེ་བའི་ལོ་ཤས་རིང་། མེ་ཏོག་རྫོང་གིས་ཁྱད་ལྡན་ཐོན་ལས་ལ་མ་འཇོག་རོགས་སྐྱོར་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བ་དང་ཇའི་ཐོན་ལས་དང་། ཁྱད་ལྡན་བོད་སྨན་སྨན་རྩྭ། ཁྱད་ལྡན་ཞིང་ལས་བཅས་ཀྱི་ལེགས་ཆ་གཙོ་བོར་བྱེད་པའི་ཐོན་ལས་ཁུལ་འཛུགས་མགྱོགས་སུ་བཏང་ནས་ཞིང་འབྲོག་པ་དེ་བས་མང་བར་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཁྲོད་ཡོང་འབབ་ཡག་པོ་ཐོབ་པ་བྱས་པ་རེད།
          མེ་ཏོག་རྫོང་འབྲས་སྤུངས་ཤང་དུ་སྡོད་མཁན་མོན་པ་རིགས་ཀྱི་བུ་མོ་དབྱངས་ཅན་ལྷ་མོ་ནི་ཇའི་ཐོན་ལས་ཁྲོད་ཕན་པ་ཐོབ་པའི་དུད་ཚང་ཞིག་ཡིན། ཁོང་གིས“དེ་སྔ་ཞིང་ནང་དུ་འབྲས་དམར་དང་མ་རྨོས་ལོ་ཏོག་བཏབ་ཀྱང་ཐོན་འབབ་ཡག་པོ་མེད། འོན་ཀྱང་ད་ཆ་ཇ་ལོ་བཏབ་ནས་ལོར་ཡོང་འབབ་ཁྲི་2ལྷག་ཙམ་ཟིན་གྱི་འདུག”ཅེས་བཤད།
          “ང་ལ་ཇ་ཤིང་འདེབས་སུ་འཇུག་པ”ནས“ངས་ཇ་ཤིང་འདེབས་པའི”བར་གྱི་ལོ་ལྔའི་རིང་མེ་ཏོག་རྫོང་གིས་བདེ་ཞིང་དང་འབྲས་སྤུངས་སོགས་ཤང་གྲོང་5རུ་ཚད་གཞི་མཐོ་བའི་ཇ་ཤིང་ར་བ་21བཙུགས་པར་སྤྱིའི་གཞི་ཁྱོན་མུའུ་5826ཟིན་ཡོད། སྔོན་དཔག་བྱས་ན། 2020ལོའི་ལོ་མཇུག་བར་མེ་ཏོག་གི་ཇ་ཤིང་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་3ཟིན་རྒྱུ་དང་ལོའི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་4.5ཟིན་རྒྱུ་ཡིན་པ་རེད།
          རྣམ་གྲངས་འཛུགས་སྐྲུན་ལ་བརྟེན་ནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་མེ་ཏོག་གི་ཁྱད་ལྡན་ཐོན་ལས་ཀྱི་འཁོར་རྒྱུག་ལམ་སྲོལ་གཙོ་བོ་ཞིག་ཡིན། 2016ལོར་ཁྱོན་ཐོན་ལས་རྣམ་གྲངས་28ལག་ལེན་བསྟར་བ་དང་2017ལོར་ཐོན་ལས་རྣམ་གྲངས་45ལག་ལེན་བསྟར་རྩིས་ཡོད་པ་རེད།
         མིག་སྔའི་བར། ཁྱད་ལྡན་ཐོན་ལས་ཀྱིས་དུད་ཚང་1155དང་མི་5079འབབ་འཕར་ཐུབ་རྒྱུར་སྐུལ་ཁྲིད་བྱས་པ་དང་དུད་ཚང་དབུལ་པོ་140དང་མི་541ལ་ཕན་པ་ཐོབ་ཡོད་པ་རེད། 2016ལོར་རྫོང་དེ་ཡོངས་ཀྱིས་ཇ་ལོ་རྒྱ་མ་ཁྲི་1.8ལྷག་ཙམ་བསྡུས་པར་མི་324དབུལ་སྒྲོལ་ཐུབ་པ་དང་། 2017ལོར་ཇ་ལོ་རྒྱ་མ་ཁྲི་4.7ལྷག་ཙམ་བསྡུས་པར་ཡོང་འབབ་སྒོར་ཁྲི་176ཟིན་གྱི་ཡོད་པ་རེད།
         “གཅིག་ནས་གཙོ་གནད་ཐོག་ཇའི་ཐོན་ལས་གཏོད་པ་དང་། གཉིས་ནས་རིག་གནས་དང་ཡུལ་སྐོར་ཐོན་ལས་མཉམ་བསྲེས་བྱ་རྒྱུར་སྐུལ་འདེད་བཏང་སྟེ་མེ་ཏོག་གི‘ཚེག་གསུམ་དང་ཐིག་གཉིས’ཀྱི་ཡུལ་སྐོར་མཛེས་ལྗོངས་བཀོད་པ་རྩེ་གྲ་གཏོད་པ། གསུམ་ནས་ཆུ་གློག་ནུས་རྒྱུར་བརྟེན་ནས་རྫོང་ཕྱུག་པོ་ཆགས་པའི་འཐབ་ཇུས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་མང་ཚོགས་ཐོན་ལས་འཕེལ་རྒྱས་ཁྲོད་གནད་སྨིན་དབུལ་སྒྲོལ་ཐུབ་པ་བྱ་རྒྱུ་ཡིན”ཞེས་མེ་ཏོག་རྫོང་ཨུད་ཀྱི་ཧྲུའུ་ཅི་དབང་ཏུང་གིས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།