འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་སའི་གོང་དཀར་གནམ་ཐང་གིས་ལོར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་350
    ལས་ཐོག་མར་བརྒལ་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་16ཉིན། 14:47】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་བོད་རང་སྐྱོང་ལྗོངས་དོ་དམ་ཅུས་ནས་གསར་འགོད་པར་ཤེས་རྟོགས་བྱུང་བ་ལྟར་ན། ཟླ་12ཚེས་6ཉིན་བར། ལྷ་ས་གོང་དཀར་གནམ་ཐང་གིས་ལོར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་350ལས་ཐོག་མར་བརྒལ་ནས་ན་ནིང་གི་དུས་མཚུངས་ལས་11%ཙམ་འཕར་ཡོད་པ་རེད།
          ལྷ་ས་གོང་དཀར་གནམ་ཐང་1965ལོར་ཤར་གཏོང་ཐུབ་རྗེས། 2006ལོར་ལོར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་100ལས་ཐོག་མར་བརྒལ་བའི་བར་ལོ་41བརྒྱུད་པ་དང་། 2013ལོར་ལོར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་100ནས་མི་ཐེངས་ཁྲི་200བརྒལ་བའི་བར་ལོ་བདུན་ལས་ཕྱིན་མེད། 2016ལོར་ལོར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་300ལས་ཐོག་མར་བརྒལ་བའི་བར་ལོ་གསུམ་ལས་འགོར་མེད་པ་བཅས་རེད།
         ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་བོད་རང་སྐྱོང་ལྗོངས་དོ་དམ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། ཉེ་བའི་ལོ་བཅུ་ནི་བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་འཛུགས་སྐྲུན་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་རྣམ་གྲངས་ལག་ལེན་བསྟར་མང་ཤོས་དང་། མ་འཇོག་གཞི་ཁྱོན་ཆེ་ཤོས། ལས་གྲྭའི་འཛུགས་སྐྲུན་བྱེད་མང་ཤོས་བཅས་ཀྱི་ལོ་བཅུ་རེད། བོད་ཀྱིས་མངའ་རིས་ཀྱི་དགུན་ས་གནམ་ཐང་དང་། གཞིས་རྩེའི་ཞི་བདེ་གནམ་ཐང་གི་གསར་རྒྱག་ལས་གྲྭ་དང་ཆབ་མདོ་སྤང་མདའ་གནམ་ཐང་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭ་སོགས་སྔ་རྗེས་སུ་བསྒྲུབས་པ་མ་ཟད། ལྷ་ས་གྲོང་ཁུལ་ནས་ལྷ་ས་གོང་དཀར་གནམ་ཐང་བར་དང་། ལྷོ་ཁ་གྲོང་ཁྱེར་གྱི་རྩེད་ཐང་གྲོང་རྡལ་ནས་ལྷ་སའི་གོང་དཀར་གནམ་ཐང་བར་གྱི་རིམ་པ་མཐོ་བའི་གཞུང་ལམ་སྔ་རྗེས་སུ་ཤར་གཏོང་ཐུབ་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ལྷ་ས་གོང་དཀར་གནམ་ཐང་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭ་འགོ་བཙུགས་པ་དང་། ད་རེས་ཀྱི་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭ་དེ་2025ལོར་ལྷ་ས་གོང་དཀར་གནམ་ཐང་གིས་ལོར་འགྲུལ་པ་མི་ཐེངས་ཁྲི་900དང་དངོས་ཟོག་དང་བསྐུར་མ་ཏུན་ཁྲི་8སྐྱེལ་འདྲེན་ཐུབ་རྒྱུའི་འཆར་གཞིར་གཞིགས་པའི་ཁར་སྨི་ངོས་གྲུ་ཁྲི་8.8ཟིན་པའི་T3གནམ་ཐང་བབས་ཚུགས་གསར་དུ་བསྐྲུན་ནས་སྤྱོད་ཐུབ་པ་བྱ་རྒྱུ་རེད།
         ད་བར་བོད་ནང་ཁུལ་དུ་ལས་གཉེར་བྱེད་པའི་གནམ་ཐང་5ཡོད་པ་དང་། གནམ་གྲུ་འཕུར་བའི་ལས་འགན་སྒྲུབ་མཁན་མཁའ་འགྲུལ་ཀུང་སི་9བར་འཕར་བ། མཁའ་འགྲུལ་ལམ་ཐིག་74ཡོད་པ། མཁའ་འགྲུལ་ཤར་གཏོང་ཐུབ་པའི་གྲོང་ཁྱེར་41བར་མང་དུ་སོང་བ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།