འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།དཔེ་དེབ་ལོངས་སུ་སྤྱོད་པའི་ཆེད། དུས་རབས་ཕྱེད་ཀ་བརྟན་སྲུང་བྱས། 

    ——ལྷོ་ཨ་མེ་རི་ཁ་གླིང་གི་རྒྱ་ཡིག་དཔེ་ཁང་འབའ་ཞིག་སྟེ"ཝུན་ཁྲང་དཔེ་ཁང"གི་སྐོར་བཀོད་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་11ཉིན། 10:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          ས་སྲོས་ཀྱི་མཚམས་སུ་ཧོ་ཨན་སྒོ་ཕྱིར་ཐོན་ནས་མགོ་བོ་བཏེགས་ཏེ་རང་ཁྱིམ་གྱི“ཝུན་ཁྲང་དཔེ་ཁང”ཞེས་པའི་སྒོ་བྱང་ལ་ལྟ་ཙམ་བྱས། ཁོང་གིས་པར་ཙིར་གྱི་ཧྲེང་པའོ་ལོའི་འདུ་འཛི་ཆེ་བའི་རང་དབང་ཁྲོམ་གཞུང་དུ“ཝུན་ཁྲང་དཔེ་ཁང”དེ་དེ་ཙམ་མངོན་གསལ་དོད་པོ་མེད་རུང་། རྒྱ་ཡིག་ངོ་ཆོད་མཁན་ཚང་མའི་སེམས་སུ་དྲོ་སྐྱིད་ཅིག་སྦྱིན་ཐུབ་པའི་ཡིད་ཆེས་བྱེད་ཀྱི་ཡོད། གང་ལགས་ཤེ་ན། ལྷོ་ཨ་མེ་རི་ཁ་གླིང་གི་རྒྱ་ཡིག་དཔེ་ཁང་སྐོར་གླེང་ན་ཁོང་གི་དཔེ་ཁང་དེ་ལས་ལྷག་མེད་པས་རེད།
          དཔེ་ཁང་གི་འབྱུང་འགྱུར་སྐོར་བསམ་གཞིག་བྱེད་སྐབས་ཧོ་ཨན་གྱིས་ཨ་ཕ་ཧོ་ཏེ་ཀོང་གིས་དཔེ་ཁང་གཉེར་བའི་ལོ་ཟླར་དྲན་གསོ་བྱེད་ཀྱི་ཡོད། ཁོང་གིས“ངའི་ཨ་ཕར་བརྗིད་ཉམས་ཆེ་ལ་རིག་གནས་ཆུ་ཚད་ཀྱང་མཐོ་པོ་ཡོད་པས་སྐབས་དེ་དུས་པར་ཙིར་གྱི་ཕྱིར་སྡོད་རང་མིའི་གྲས་སུ་སྐད་གྲགས་གང་ལ་གང་མཚམས་ཡོད། ཕྱིར་སྡོད་ཀྲུང་གོ་བས་ཀྱང་དོན་དག་ཡོད་ཚེ་ཁོང་འཚོལ་རྒྱུར་དགའ་པོ་ཡོད”ཅེས་བཤད།
         1958ལོར་ཨ་རིར་ཚོང་རྒྱག་པར་འགྲོ་འདོད་ཡོད་པའི་ཧྥུའུ་ཅན་བ་ཧོ་ཏེ་ཀོང་གྲོགས་པོ་ཞིག་གི་གདན་ཞུ་བརྒྱུད་པར་ཙིར་དུ་འབྱོར་ཞིང་། པར་ཙིར་གྱི་མཛེས་སྡུག་ཡིད་དུ་འོང་བའི་ཡུལ་ལྗོངས་དང་སྐྱིད་པའི་གནམ་གཤིས་ཀྱིས་ཁོང་གི་ཡིད་དབང་རྦད་དེ་འཕྲོགས་ཏེ་དེ་གར་གནས་བཅའ་རྒྱུའི་ཐག་བཅད། པར་ཙིར་དུ་ཧོ་ཏེ་ཀོང་གི་ལས་ཀ་དང་པོ་ནི་ལྕོག་ཙེའི་ཁེབས་རས་དང་། དཀར་ཡོལ། དར་གོས་སོགས་རང་རྒྱལ་ནས་ཐོན་པའི་དངོས་ཟོག་ཚབ་ཚོང་བྱ་རྒྱུ་དེ་རེད།
         ཕྱིས་སུ་ཧོ་ཏེ་ཀོང་གིས་ད་དུང་ཞིང་ར་དང་བཟོ་གྲྭ་གཉེར་མྱོང་ཡོད་མོད། ཁོང་བྱ་བ་ལམ་ལྷོངས་བྱུང་བའི“སྦྱིན་བདག་ཧོ་ལགས”ནས་སྤྱོད་གྲགས་གཉིས་ལྡན་གྱི“སྐུ་ཞབས་ཧོ་ལགས”སུ་འགྱུར་དོན་ནི་ཁོང་གིས་རྒྱ་ཡིག་དཔེ་ཁང་དེ་གཉེར་བས་རེད། སྐབས་དེ་དུས་ཧོ་ཚང་གི་དཔེ་ཁང་ལ“ཝུན་ཁྲང་དཔེ་ཁང”ཞེས་མ་འབོད་པར“འོད་ཟེར་དཔེ་ཁང”ཞེས་བརྗོད་ཅིང་། དཔེ་ཚོང་ཁང་གི་མིང་ལ་ཀྲུང་གོའི་མདུན་ལམ་འོད་ཟེར་སྟོང་དང་ལྡན་པའི་ཧོ་ཏེ་ཀོང་གི་རེ་བ་འདུས་ཡོད།
         ཧོ་ཏེ་ཀོང་གིས་གཉེར་སྐྱོང་ཞིབ་ཚགས་བྱས་པ་བརྒྱུད། “འོད་ཟེར་དཔེ་ཁང”གི་ཚོང་ཡང་ཡག་པོ་བྱུང་ཡོད། 1964ལོར་ལས་འགོ་བཙུགས་རྗེས་ཧྲེང་པའོ་ལོའོ་ཡི་ཕྱིར་སྡོད་ཀྲུང་གོ་བ་ཡིན་ནའང་འདྲ་ལི་གཡོད་ཀྱི་ཕྱིར་སྡོད་ཀྲུང་གོ་བ་སུ་ཞིག་ཡིན་རུང་ཚང་མས་སྙན་གྲགས་ལ་ཡིད་སྨོན་སྐྱེ་བཞིན་ཧོ་ཚང་གི་དཔེ་ཁང་དུ་དྲག་རྩལ་བརྩམས་སྒྲུང་ཉོ་བ་དང་《ཏ་ཀུང་ཚགས་པར་》མངགས་ཉོ་བྱེད་པར་ཡོང་གི་ཡོད།
         1974ལོའི་ཟླ་8ཚེས་15ཉིན། ཀྲུང་གོ་དང་པར་ཙིར་དབར་ཕྱི་འབྲེལ་འབྲེལ་བ་བཙུགས། ཧོ་ཏེ་ཀོང་ལའང་ཚེ་གང་རིང་གི་གཟི་བརྗིད་ཆེ་ཤོས་ཐོབ་པ་སྟེ། རང་ངོ་མས་ཧྲེང་པའོ་ལོ་རུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གི་སྒོ་འབྱེད་མཛད་སྒོའི་ཐོག་སྐར་ལྔའི་དར་དམར་བསྒྲེངས་པ་རེད།
         ལོ་གཉིས་སོང་རྗེས་ཧོ་ཏེ་ཀོང་གི་ལོ་ན་26ལ་སླེབས་པའི་བུ་ཆུང་བ་ཧོ་ཨན་རྒྱལ་ནང་དུ་སློབ་མཐར་ཕྱིན་ནས་པར་ཙིར་དུ་ལོག་པས་ནང་མི་མཉམ་འཛོམས་བྱུང་། དང་ཐོག་ཕའི་བཀོད་སྒྲིག་འོག་ཧོ་ཨན་གྱིས་བཟའ་བཏུང་ལས་རིགས་གཉེར་འགོ་ཚུགས་ནའང་རྟག་ཏུ་དཔེ་ཁང་དུ་བསྐྱོད་རྒྱུར་དགའ། “ཨ་ཕའི་དཔེ་ཁང་སྐད་གྲགས་འདི་འདྲ་ཆོད་པ་བསམ་ཡུལ་ལས་འདས་སོང་། ཕྱིར་སྡོད་ཀྲུང་གོ་བ་མང་པོ་ཞིག་པཱ་ལགས་འཚོལ་བར་ཡོང་གི་འདུག ང་ཡང་དཔེ་ཁང་ལ་དགའ་བ་མ་ཟད་དཔེ་དེབ་བལྟ་རྒྱུར་ཡང་དགའ་པོ་ཡོད། དཔེ་དེབ་ལས་མིའི་བློ་རིག་འཕེལ་ནས་བསམ་པའི་ཉམས་འགྱུར་ལེགས་སུ་འགྲོ་ཐུབ”ཅེས་ཁོང་གིས་བཤད།
          རླུང་འཕྲིན་དང་བརྙན་འཕྲིན་ཁྱབ་གདལ་སོང་བ་དང་སྦྲགས་དེབ་ལ་རིམ་བཞིན་དོ་སྣང་བྱེད་མཁན་དེ་ཙམ་མེད་པར་གྱུར། ཧོ་ཨན་གྱིས“ཝུན་ཁྲང་དཔེ་ཁང”དེ་ཉིད“ཝུན་ཁྲང་གློག་བརྙན་བརྙན་འཕྲིན་དཔེ་ཁང”ཞེས་པར་བསྒྱུར་ནས་ཀྲུང་གོའི་རྒྱུན་མཐུད་འཁྲབ་ཚན་དང་མཛེས་ལྗོངས་དང་ཡུལ་སྐོར་གྱི་དངོས་མཚོན་པར་གཞི་སོགས་ནང་འདྲེན་ནམ་ཡང་ན་བརྙན་འཇུག་བྱེད་དགོས་སྙམ། ཡིན་ནའང་ཉེ་བའི་ལོ་ཤས་རིང་། དྲ་སྦྲེལ་དང་གློག་ཀླད་ཁྱབ་གདལ་ཕྱིན་པ་དང་སྦྲགས་རྒྱུན་མཐུད་འཁྲབ་ཚན་ཡང་ལྟ་མཁན་ཉུང་ཉུང་ཡིན་པས་ཧོ་ཨན་གྱིས་དཔེ་ཁང་ལ་འགྱུར་ལྡོག་གསར་པ་གཏོང་བའི་ཐད་བསམ་བློ་མི་གཏོང་ཀ་མེད་བྱུང་།
          2017ལོའི་ཟླ་7པར་ཁོང་གིས་སློབ་མ་བསྡུ་བའི་བརྡ་ཆ་ཞིག་དཔེ་ཁང་གི་མདུན་དུ་སྦྱར་བ་སྟེ། རྒྱ་ཡིག་དང་ཕོར་ཐིའུ་ཀལ་གྱི་ཡི་གེ་སྦྱོང་བའི་འཛིན་གྲྭ་གཉེར་ནས་གཟའ་འཁོར་རེར་སློབ་ཚན་ཐེངས་གཉིས་འཚོགས་ཏེ་ཁྱོན་སློབ་དུས་གཉིས་ཡོད་པ་དང་། སློབ་དུས་རེར་ཟླ་བ་བཞི་བྱས་ཏེ་ཟླ་བ་རེར་སློབ་ཡོན་ཨ་སྒོར་100ཡིན་པ་དེ་རེད། གང་མགྱོགས་ཧོ་ཨན་གྱིས་རྒྱ་ཡིག་སྦྱོང་མཁན་སློབ་མ་བཅུ་གྲངས་ཁ་ཤས་དང་ཕོར་ཐིའུ་ཀལ་གྱི་ཡི་གེ་སྦྱོང་མཁན་སློབ་མ་བཅུ་གྲངས་ཁ་ཤས་བསྡུས་ནས་དཔེ་ཁང་གི་ཁང་པ་རྒྱབ་མར་དཀར་པང་དང་རྐུབ་སྟེགས་བསྒྲིགས་ཏེ་སློབ་ཚན་འཚོག་འགོ་ཚུགས།
         ཧོ་ཨན་གྱིས་ཕྱིས་སུ་དགེ་རྒན་གདན་དྲངས་ཏེ་རྒྱ་ཡིག་དང་ཕོར་ཐིའུ་ཀལ་གྱི་ཡི་གེའི་སློབ་གཞི་རྩོམ་སྒྲིག་བྱེད་རྩིས་ཡོད་ཅིང་། ཁོང་གིས་ད་དུང་ཀྲུང་གོའི་གནའ་རབས་གྲགས་རྩོམ་མམ་ཡང་ན་ཡུལ་སྲོལ་གོམས་གཤིས་ངོ་སྤྲོད་ཀྱི་དཔེ་དེབ་ལ་སོགས་རྒྱ་ཡིག་དང་ཕོར་ཐིའུ་ཀལ་གྱི་ཡི་གེ་ཤན་སྦྱར་གྱི་དཔེ་དེབ་ཁག་གཅིག་འདོན་རྩིས་ཡོད་ནའང་ཡིག་སྒྱུར་བྱ་རྒྱུ་ནི་གནད་འགག་ཆེན་པོ་ཞིག་ཏུ་གྱུར་ཡོད།
          ཧོ་ཨན་ད་ལོ་ལོ་67ལ་སླེབས་པ་དང་། ཁོང་གིས་རང་ཉིད་ཀྱིས་མུ་མཐུད་ལོ་10ཙམ་དཔེ་ཁང་གཉེར་ཐུབ་རེ་བྱེད་ཀྱི་ཡོད། ཧོ་ཨན་གྱི་བུ་ཧོ་ཁྲང་འདི་ལོ་ལོ་25ལ་སླེབས་པ་དང་འཕྲུལ་ཆས་བཟོ་སྐྲུན་ཆེད་ལས་སྦྱངས་པས་ཀུང་སི་ཞིག་ཏུ་ལས་ཀ་བྱེད་ཀྱི་ཡོད་མོད། འོན་ཀྱང་ཧོ་ཨན་གྱིས་བུས་དཔེ་ཁང་ཤུལ་འཛིན་བྱེད་པའི་རེ་བ་བྱེད་ཀྱི་ཡོད། བུས་ཁོང་ལ་དཔེ་ཁང་གཉེར་ན་མདུན་ལམ་གང་ཡོད་དམ་ཞེས་འདྲི་སྐབས། ཧོ་ཨན་གྱིས་དཔེ་ཁང་གཉེར་ན་ཀྲུང་གོ་དང་པར་ཙིར་གྱི་རིག་གནས་སྤེལ་རེས་ལ་སྐུལ་མ་ཐེབས་སྲིད་པས་འདི་ནི་མདུན་ལམ་ཆེ་ཤོས་རེད་ཅེས་བཤད།
          ད་ཆ་དཔེ་ཁང་ཤུལ་འཛིན་བྱེད་མིན་ཐད་ཧོ་ཁྲང་གིས་ཨ་ཕར་སྔར་བཞིན་འདོད་ཚུལ་གང་ཡང་མ་བཤད་མོད། འོན་ཀྱང་ཧོ་ཨན་གྱིས་ཁོང་གིས“ཝུན་ཁྲང་དཔེ་ཁང”མཐའ་གཅིག་ཏུ་གཉེར་རྒྱུ་ཡིན་པས་དེ་ནི་ཨ་ཕ་གྲོངས་ཁའི་ཁ་ཆེམས་ཡིན་ལ། ཧྲེང་པའོ་ལུའོ་རུ་ཡོད་པའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་ཁྲི་30ལྷག་ཙམ་དང་། པར་ཙིར་དུ་ཡོད་པའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་ཁྲི་50ལྷག་ཙམ། ཐ་ན་གླིང་ཆེན་ཨ་མེ་རི་ཁ་ལྷོ་མའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་རྒྱ་ཡིག་དཔེ་ཁང་འབའ་ཞིག་དེ་ཡིན་པས་རེད་ཅེས་བཤད།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས།  
      

    ཕྱོགས་བསྡུས་གསར་འགྱུར།