འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཡེ་མེན་གྱི་རྒྱལ་ས་ས་ནཱའི་འཁྲུག་གཟར་ནང་གྲོངས་མཁན་གྱི་མི་གྲངས་234རུ་འཕར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་06ཉིན། 14:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་5ཉིན། རྒྱ་གྲམ་དམར་པོའི་རྒྱལ་སྤྱིའི་ཨུ་ལྷན་གྱི་དབུས་ཤར་ས་ཁུལ་ལས་དོན་གཙོ་འཛིན་རོ་པོ་ཐི་•མར་ཏི་ནི་ཡིས་སྤྱི་ཚོགས་སྤེལ་རེས་སྨྱན་སྦྱོར་དུ། ཡེ་མེན་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ས་ནཱའི་དམག་དོན་འཁྲུག་གཟར་དུ་ད་ལྟ་མི་གྲངས་234གྲོངས་ཡོད་པ་དང་། གཞན་མི་གྲངས་400ལྷག་ཙམ་རྨས་སྐྱོན་བྱུང་ཡོད་པ། དེའི་ནང་མི་གྲངས་383ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་ཚུལ་བརྗོད་པ་རེད།
         མར་ཏི་ནི་ཡིས་ཐེ་ཐི་ཐོག་ནས་རྒྱ་གྲམ་དམར་པོའི་རྒྱལ་སྤྱིའི་ཨུ་ལྷན་གྱིས་ནུས་ཤུགས་གང་ཡོད་ཐོག་ནས་ས་གནས་དེ་གར་སྨན་དཔྱད་སྨན་རྫས་དང་བཤག་བཅོས་སྒྲིག་ཆས། དྲོད་ལེན་རྒྱུ་ཆ་སོགས་འདོན་སྤྲོད་བྱེད་བཞིན་ཡོད་ཅེས་བརྗོད་པ་རེད།
         ཚེས་4ཉིན། ཧུ་སའེ་དྲག་ཆས་ཀྱིས་ཡེ་མེན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་སཱ་ལི་ཧོ་བསད་པ་རེད། སཱ་ལི་ཧོ་ཉེ་འཁོར་གྱི་མཐོ་རིམ་དཔོན་པོ་ཞིག་གིས་སཱ་ལི་ཧོ་དང་ཁོང་གིས་སྣེ་ཁྲིད་བྱས་པའི་རྒྱལ་ཡོངས་མི་དམངས་ཚོགས་ཆེན་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་གཞོན་པ་ཨ་ཝ་ཏི་གཉིས་རྒྱལ་ས་ས་ནཱ་དང་ཁ་བྲལ་བའི་སྐབས། ལམ་བར་དུ་བསད་པ་དང་། སྐབས་དེ་དུས། ཁོང་གཉིས་ཀ་སྲིད་གཞུང་དམག་གིས་ཚོད་འཛིན་བྱེད་པའི་མཱ་ལི་པུ་ཞིང་ཆེན་དུ་བསྐྱོད་རྩིས་བྱེད་པ་རེད་ཅེས་བརྗོད། དེའི་རྗེས་སུ། རྒྱལ་ཡོངས་མི་དམངས་ཚོགས་ཆེན་ཏང་གིས་དགྲ་ཤ་ལེན་རྒྱུ་ཡིན་པ་དང་མུ་མཐུད་དུ་ཧུ་སའེ་དྲག་ཆས་ལ་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་བསྒྲགས་པ་རེད། ད་ལྟ། ཕྱོགས་གཉིས་ཀས་མུ་མཐུད་འཛིང་རེས་བྱེད་བཞིན་ཡོད་པ་རེད།
         ཟླ་11ཚེས་29ཉིན། ཧུ་སའེ་དྲག་ཆས་དང་སཱ་ལི་ཧོ་དྲག་ཆས་སྟོབས་ཤུགས་གཉིས་ཡེ་མེན་རྒྱལ་ཁབ་ཀྱི་རྒྱལ་ས་ས་ནཱ་རུ་འཁྲུག་གཟར་བྱུང་བ་རེད། ཟླ་12ཚེས་2ཉིན། ཕྱོགས་གཉིས་ཀའི་འཁྲུག་གཟར་ཇེ་དྲག་ཏུ་ཕྱིན་ཞིང་། སཱ་ལི་ཧོ་ཡིས་དྲག་ཆས་སྟོབས་ཤུགས་དང་མང་ཚོགས་ཚོར་ཧུ་སའེ་དྲག་ཆས་ལ་ངོ་རྒོལ་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད། སཱ་ལི་ཧོ་ཡི་ལངས་ཕྱོགས་གསར་པར་རྒྱལ་ཁབ་མང་པོའི་མཉམ་འབྲེལ་དམག་དང་སོ་ཏི་ཨ་རབ་ཏུ་སྐྱབས་བཅོལ་ཞུས་པའི་ཡེ་མེན་རྒྱལ་ཁབ་ཀྱི་སྲིད་འཛིན་ཧྭ་ཏིའི་རྒྱབ་སྐྱོར་ཐོབ་པ་རེད།
         2014ལོའི་ཟླ་9པར། ཡེ་མེན་རྒྱལ་ཁབ་ཀྱི་ཧུ་སའེ་དྲག་ཆས་ཀྱིས་ས་ནཱ་གྲོང་ཁྱེར་བདག་བཟུང་བྱས་ལ། བསྟུད་མར་ཡེ་མེན་རྒྱལ་ཁབ་ལྷོ་རྒྱུད་ཀྱི་ས་ཆ་ཡང་བདག་བཟུང་བྱས་པས། སྲིད་འཛིན་ཧྭ་ཏི་སོ་ཏི་ཨ་རབ་རྒྱལ་ཁབ་ཏུ་སྐྱབས་བཅོལ་གནང་བར་བསྐྱོད་དགོས་བྱུང་བ་རེད། ཧུ་སའེ་དྲག་ཆས་དང་སཱ་ལི་ཧོ་ལ་རྒྱབ་སྐྱོར་བྱེད་པའི་དྲག་ཆས་སྟོབས་ཤུགས་གཉིས་2014ལོའི་ལོ་མཇུག་ཏུ་མནའ་འབྲེལ་བསྒྲིགས་ནས་ཧྭ་ཏི་ཡིས་སྣེ་ཁྲིད་བྱས་པའི་ཁྲིམས་མཐུན་སྲིད་གཞུང་ལ་ངོ་རྒོལ་བྱས་པ་རེད། 2015ལོའི་ཟླ་3པར། སོ་ཏི་ཨ་རབ་སོགས་པའི་རྒྱལ་ཁབ་ཀྱིས་མིང་ལ"བློ་སེམས་རྦད་ཆོད་ཀྱི་རླུང་འཚུབ"ཅེས་པའི་དམག་དོན་བྱ་སྤྱོད་སྤེལ་ནས་ཧུ་སའེ་དྲག་ཆས་ལ་རྡུང་རྡེག་བཏང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།