འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ལྗོངས་འཐུས་མི་ཚོགས་པས་ཨ་ཀེན་ཐིན་ལ་འཚམས་འདྲི་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་05ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་30ཉིན་ནས་ཟླ་12ཚེས་2ཉིན་བར་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་བསྟན་འཛིན་རྣམ་རྒྱལ་གྱིས་སྣེ་ཁྲིད་བྱེད་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ལྗོངས་འཐུས་མི་ཚོགས་པས་ཨ་ཀེན་ཐིན་ལ་དངོས་གཞིའི་མཛའ་མཐུན་འཚམས་འདྲི་བྱས་པ་རེད། འདི་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ལྗོངས་འཐུས་མི་ཚོགས་པས་ཨ་ཀེན་ཐིན་ལ་འཚམས་འདྲི་ཐེངས་ཐོག་མ་བྱས་པ་ཡིན་ཞིང་། འཚམས་འདྲི་བྱེད་པའི་རིང་ལ། འཐུས་མི་ཚོགས་པས་ཨ་ཀེན་ཐིན་ཕྱི་འབྲེལ་པུའུ་ཡི་ཆོས་ལུགས་རྒྱལ་ཁབ་ཀྱི་དྲུང་ཡིག་ཨེ་སི་ཐེ་ལ་ཏ་དང་གྲོས་ཁང་འོག་མའི་ཨ་ཀྲུང་གྲོས་མི་མཛའ་མཐུན་ཚོགས་ཆུང་གི་ཀྲུའུ་ཞི་མ་ཏེ་ཨའོ་རྣམ་གཉིས་ལ་ངོ་འཕྲད་བྱས་པ་དང་། སྤྱི་ཚོགས་ཆབ་སྲིད་སློབ་གླིང་གི་མཁས་དབང་དང་དགེ་སློབ་འཐུས་མི་ཚོ་དང་བཞུགས་མོལ་བྱས་པ་རེད།
         བསྟན་འཛིན་རྣམ་རྒྱལ་གྱིས་ཨ་ཀེན་ཐིན་ཕྱོགས་ལ་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་བ་ནས་བཟུང་དང་ཁྱད་པར་དུ་ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་གྲུབ་འབྲས་ཐོབ་པ་ངོ་སྤྲོད་བྱས་ཤིང་། ཁོང་གིས་ལོ་ངོ་60ལྷག་གི་རིང་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ལྗོངས་མི་རིགས་ཁག་གི་མི་དམངས་ཚོས་ཐུན་མོང་དུ་འབད་བརྩོན་བྱས་ནས་དབུལ་ཕོངས་རྗེས་ལུས་ཀྱི་བོད་ལྗོངས་རྙིང་པ་དེ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པར་བསྒྱུར་བཀོད་འཕེལ་རྒྱས་བཏང་བ་སྟེ། སྤྱི་ཚོགས་ཀྱི་ལས་དོན་ཁག་ཕྱོགས་ཡོངས་ནས་ཡར་ཐོན་ཕྱིན་པ་དང་། སྨན་བཅོས་འཕྲོད་བསྟེན་དང་སློབ་གསོའི་བྱ་གཞག་འཕུར་བ་ལྟར་གོང་དུ་འཕེལ་བ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་ཧ་ཅང་ཆེན་པོ་ཕྱིན་པ། བོད་ལྗོངས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་དར་སྤེལ་བཏང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་མངོན་གསལ་དོད་པོ་བྱུང་བ། སྐྱེ་ཁམས་ཁོར་ཡུག་ལེགས་པོ་རྒྱུན་སྲུང་བྱས་པ། མི་རིགས་མཐུན་སྒྲིལ་རྒྱུན་ཆད་མེད་པར་སྲ་བརྟན་བཏང་བ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་སྔར་ལས་འཐུས་ཚང་དུ་གྱུར་པ། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་ཚོ་སྐྱེ་སྟོབས་ཆེན་པོས་འཚར་ལོངས་བྱུང་བ། འདྲ་མཉམ་མཐུན་སྒྲིལ་དང་ཕན་ཚུན་རོགས་སྐྱོར་འཆམ་མཐུན་གྱི་སྤྱི་ཚོགས་རིང་ལུགས་མི་རིགས་འབྲེལ་བ་ཉིན་བཞིན་དམ་ཟབ་ཏུ་ཕྱིན་པ། མང་ཚོགས་ཀྱི་ཆོས་དད་རང་མོས་ལ་བརྩི་འཇོག་དང་སྲུང་སྐྱོང་གང་ལེགས་ཐོབ་པ་རེད། ཡུན་རིང་མ་སོང་བའི་གོང་དུ་སྐོང་འཚོག་བྱས་པའི་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པས་བོད་ལྗོངས་འཕེལ་རྒྱས་བརྟན་ལྷིང་ཡོང་བར་ལོ་རྒྱུས་ཀྱི་གོ་སྐབས་གསར་པ་མཁོ་འདོན་གནང་ཡོད་པས། བོད་ལྗོངས་ཀྱི་འཕེལ་རྒྱས་ནི་སླར་ཡང་ལོ་རྒྱུས་ཀྱི་དུས་རིམ་གསར་པ་ཞིག་ཏུ་གནས་ཡོད་ཅེས་བཤད་པ་རེད།
         ཨ་ཀེན་ཐིན་ཕྱོགས་ཀྱིས་ཨ་ཀེན་ཐིན་གྱིས་ཀྲུང་གོའི་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་བརྩི་མཐོང་ཆེན་པོ་བྱེད་ཀྱི་ཡོད་པ་དང་། འཐུས་མི་ཚོགས་པ་ཨ་ཀེན་ཐིན་ལ་ཕེབས་ནས་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གནས་ཚུལ་ངོ་སྤྲོད་བྱས་པར་བཀའ་དྲིན་ཆེ་ཞུས་པ་དང་། བོད་ལྗོངས་ལ་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་གྲུབ་འབྲས་ཐོབ་པར་རྟེན་འབྲེལ་ཞུས་ཤིང་། ཨ་ཀེན་ཐིན་གྱིས་མུ་མཐུད་ནས་ཀྲུང་གོ་གཅིག་ལས་མེད་པའི་རྩ་དོན་མཐའ་འཁྱོངས་བྱས་ནས་ཕྱོགས་གཉིས་བར་ཆབ་སྲིད་དང་། དཔལ་འབྱོར་ཉོ་ཚོང་། རིག་གནས། ཚན་རྩལ། ཞིང་ལས། འབྲོག་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟམ་མ་ཆད་པར་ཟབ་སྤེལ་གཏོང་བ་དང་། ཡུལ་སྐོར་འཕེལ་རྒྱས་གཏོང་བ་དང་མི་སྣ་ཕན་ཚུན་འགྲོ་འོང་བྱེད་པར་སྐུལ་འདེད་བཏང་ནས་ཨ་ཀེན་ཐིན་གྱི་ས་བབ་མཐོ་བའི་ས་ཁུལ་དང་བོད་ལྗོངས་བར་གྱི་སྤེལ་རེས་ལ་སྐུལ་སྤེལ་གཏོང་རྒྱུ་ཡིན་ཞེས་བསྟན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།