འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་རྒྱལ་ཁབ་སྣོད་བཅུད་ཡུལ་སྐོར་དཔེ་སྟོན་ཞིང་ཆེན་ཤུགས་ཆེན་བསྐྲུན་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་05ཉིན། 10:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་3ཉིན། སྣོད་བཅུད་སྟོབས་ཆེན་ཞིང་ཆེན་དང་ཡུལ་སྐོར་གྲགས་ཅན་ཞིང་ཆེན་གྱི་དམིགས་ཚད་མངོན་འགྱུར་བྱ་ཆེད། ཉེ་དུས་མཚོ་སྔོན་གྱིས་《སྣོད་བཅུད་ཡུལ་སྐོར་དཔེ་སྟོན་ཞིང་ཆེན་བསྐྲུན་རྒྱུའི་ལས་དོན་ཇུས་གཞི་》བཏོན་ནས། སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རིར་བསྒྱུར་ཏེ་2020ལོར་སླེབས་སྐབས་རྒྱལ་ཁབ་ཀྱི་སྣོད་བཅུད་ཡུལ་སྐོར་དཔེ་སྟོན་ཞིང་ཆེན་བསྐྲུན་རྒྱུ་དང་རྒྱལ་ཁབ་རིམ་པའི་སྣོད་བཅུད་ཡུལ་སྐོར་དཔེ་སྟོན་ཁུལ་8དང་ཞིང་ཆེན་རིམ་པའི་ཡུལ་སྐོར་དཔེ་སྟོན་ཁུལ་15བསྐྲུན་རྒྱུའི་བརྩོན་ལེན་བྱ་རྒྱུ་ཡིན་པ་བསྟན་ཡོད།
        མཚོ་བོད་ས་མཐོའི་དབུས་སུ་གནས་པའི་མཚོ་སྔོན་ནི་འབྲི་ཆུ་དང་། རྨ་ཆུ། རྒྱལ་མོ་རྔུལ་ཆུ་བཅས་ཀྱི་ཆུ་འགོ་རེད་ལ། ས་བབ་མཐོ་བའི་ས་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་གཅིག་སྡུད་ཁུལ་ཡང་རེད། གནས་དེ་གའི་སྣོད་བཅུད་ཚོར་བ་སྐྱེན་པས། ལྗང་མདོག་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུར་འཚམ་པོ་ཡོད། 2015ལོའི་ཟླ་བ་བརྒྱད་པར་ཞིང་ཆེན་དེ་གས་ས་མཐོའི་ཡུལ་སྐོར་གྲགས་ཅན་ཞིང་ཆེན་གཏོད་རྒྱུ་གཏན་འཁེལ་ནས། སྣོད་བཅུད་སྔོན་དུ་འཕེལ་རྒྱས་གཏོང་བའི་ཡུལ་སྐོར་དཔལ་འབྱོར་མཐའ་འཁྱོངས་བྱས་པ་རེད།
         ཇུས་གཞི་དེ་གཞིར་བཟུང་། མཚོ་སྔོན་གྱིས་མཚོ་སྔོན་པོ་དང་། ཁུ་ཁུ་ཤི་རི། གཙང་གསུམ་ཆུ་འགོ ཁམས་ར་སོགས་སྣོད་བཅུད་ཡུལ་སྐོར་བྱ་ཡུལ་གཙོ་གནད་ཐོག་འཛུགས་སྐྲུན་དང་འཐུས་སྒོ་ཚང་དུ་བཏང་སྟེ། རྒྱ་མདོ་—མདོ་ལ་—ཀན་སུའུ་ཡི་མིང་ལེ་དང་ཀྲང་ཡེ་ཡི་མདོ་ལའི་མཛེས་ལྗོངས་ཁུལ་དང་ཟི་ལིང་གྲོང་ཁྱེར་—མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་—མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་—མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་ཡི་རྨ་སྟོད་རྫོང་—ཡུལ་ཤུལ་གྲོང་ཁྱེར་གྱི་གཙང་གསུམ་ཆུ་འགོའི་མཛེས་ལྗོངས་ཁུལ་བཅས་གཏོད་རྒྱུ་རེད། ཟི་ལིང་བསྐོར་བའི་ཡུལ་སྐོར་ཁུལ་དང་། མཚོ་བོད་ལྕགས་ལམ་ཡུལ་སྐོར་ལམ་ཐིག མདོ་ལའི་མཛེས་ལྗོངས་ཀྱི་ཡུལ་སྐོར་ལམ་ཐིག་སོགས་འཐུས་སྒོ་ཚང་དུ་གཏོང་རྒྱུ་རེད།
         ཇུས་གཞིའི་ནང་ཁ་གསལ་བསྟན་དོན། 2017ལོ་ནས་2018ལོ་བར་མཚོ་སྔོན་གྱིས་ཁྱད་ལྡན་སྣོད་བཅུད་ཡུལ་སྐོར་དམིགས་ས་གཙོ་གནད་ཐོག་སྐྱེད་བསྲིང་བྱ་རྒྱུ་དང་། སྣོད་བཅུད་ཡུལ་སྐོར་ཁྲོམ་རའི་གཟུགས་བརྙན་བསྡུ་སྒྲིལ་བྱ་རྒྱུ། སྣོད་བཅུད་ཡུལ་སྐོར་དང་འབྲེལ་བའི་ལམ་ལུགས་འཛུགས་རྒྱུ་སོགས་རེད། 2018ལོ་ནས་2019ལོ་བར་ཟི་ལིང་དང་། གཏེར་ལེན་ཁ། གོར་མོ། ཡུལ་ཤུལ་སོགས་གྲོང་ཁྱེར་གྱི་སྐུལ་ཁྲིད་ནུས་པ་གཙོ་གནད་ཐོག་འདོན་སྤེལ་བྱས་ཏེ། སྣོད་བཅུད་ཡུལ་སྐོར་གྱི་གཙོ་གནད་མཛེས་ལྗོངས་ཁུལ་ཁག་གཅིག་བསྐྲུན་རྒྱུ་མ་ཟད། རྒྱལ་སྤྱིའི་ཐོག་འགྲན་རྩོད་ནུས་པ་ལྡན་པའི་སྣོད་བཅུད་ཡུལ་སྐོར་དམིགས་ས་དང་སྣོད་བཅུད་ཡུལ་སྐོར་གཉེར་སྐྱོང་སྒྲིག་གཞི་ཁག་གཅིག་སྐྱེད་བསྲིང་བྱ་རྒྱུ་རེད། 2019ལོ་ནས་2020ལོ་བར་བསྐྲུན་རྒྱུའི་ཚད་གཞི་དང་ཕྱོགས་ཡོངས་ནས་སྦྲེལ་མཐུད་བྱས་ཏེ་རྒྱལ་ཁབ་རིམ་པའི་སྣོད་བཅུད་ཡུལ་སྐོར་དཔེ་སྟོན་ཞིང་ཆེན་བསྐྲུན་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།