འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཐེན་ཅིན་དུ་མི་10ཤི་བའི་མེ་ཤོར་དོན་རྐྱེན་བྱུང་བ་ལས་མི་11ཉེས་དོན་བཀག་ཉར་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་04ཉིན། 13:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་3ཉིན། གསར་འགོད་པས་ཐེན་ཅིན་གྲོང་ཁྱེར་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་གསལ། ཐེན་ཅིན་གྲོང་ཁྱེར་གྱི"12·1"མེ་སྐྱོན་ཚབས་ཆེན་ཤོར་བའི་དོན་རྐྱེན་བརྟག་དཔྱད་ཚོགས་ཆུང་གིས་སྤྱི་བདེ་པུའུ་ཡི་མེ་སྐྱོན་དོན་རྐྱེན་བརྟག་དཔྱད་ཆེད་མཁས་པའི་ཚོགས་ཆུང་དང་མཉམ་དུ་ཐོག་མའི་བརྟག་དཔྱད་བྱས་ནས་ངོས་འཛིན་བྱས་པར། ཚེས་1ཉིན་ཐོ་རེངས་ལ་མི་10རྐྱེན་ལམ་དུ་ཤོར་བ་དང་། མི་5ལ་རྨས་སྐྱོན་ཕོག་པའི་མེ་སྐྱོན་ཚབས་ཆེན་ཤོར་བའི་དོན་རྐྱེན་ཁྲོད་དུ་ཨར་ལས་ཀྱི་ཁེ་ལས་ཀྱིས་རང་འདོད་ངང་མེ་འགོག་མེ་གསོད་ཆུ་སྒམ་སྟོང་པར་བཞག་པ་དང་། ཨར་ལས་མི་སྣ་ཚོ་སྒྲིག་འགལ་གྱིས་ཞག་སྡོད་བྱས་པའི་གནད་དོན་ཡོད་པས། མིག་སྔར་མི་11ཉེས་དོན་བཀག་ཉར་བྱས་པ་རེད།
         ཐོག་མའི་ཞིབ་བཤེར་བྱས་འབྲས་ལས་མངོན་པ་ལྟར་ན། མེ་སྐྱོན་ཤོར་ཡུལ་ནི་གྲོང་ཁྱེར་ཐོག་བརྩེགས་ཁང་ཆེན་Bཡི་ཆིང་ཧོ་ཅིང་ཙུན་ཁང་ཨར་ལས་ཀྱི་ཐོག་རིམ་38པའི་གློག་སྐས་ཁང་དུ་ཡིན་པ་དང་། མེ་ཤོར་དངོས་རྫས་ནི་གློག་སྐས་ཁང་ནང་བཞག་པའི་དངོས་རྫས་ཧྲལ་ཧྲུལ་དང་བེད་མེད་དུ་བསྐྱུར་བའི་རྒྱུ་ཆ་རེད།
         མིག་སྔར། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་འབྲེལ་ཡོད་ཁེ་ལས་ཀྱི་ཉེས་གསོག་དོགས་ཡོད་མི་སྣ་11ཉེས་དོན་བཀག་ཉར་བྱས་ཡོད་ཅིང་། དེའི་ཁྲོད་དུ་ཐེན་ཅིན་ཆིང་ཧོ་ཅིང་ཧུའེ་ས་ཁང་ལས་གཉེར་ཚོད་ཡོད་ཀུང་སིའི་མི་7དང་། པེ་ཅིང་ཞིན་ཧོ་སྐྱེད་ཚལ་མཛེས་ལྗོངས་ལས་གྲྭ་ཚོད་ཡོད་ཀུང་སིའི་མི་2 ཀྲུང་ཅི་སན་ལི་མཛེས་སྤུད་ཚོགས་པ་ཚོད་ཡོད་ཀུང་སིའི་མི་1 པེ་ཅིང་པའེ་ཧོ་ལས་སྐྲུན་ཨར་ལས་བཟོ་སྐྲུན་ཚོད་ཡོད་ཀུང་སིའི་མི་1བཅས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།