འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་ལས་བསྡུའི་འདུ་ཚོགས་ཀྱིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་མང་
    ཚོགས་ལ་རོགས་སྐྱོར་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་04ཉིན། 10:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་2ཉིན། འདམ་གཞུང་རྫོང་ཡངས་པ་ཅན་གྲོང་རྡལ་ཚལ་ཆོས་ཐང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་བདེ་དཔལ་གྱི་ངོས་ནས་བརྗོད་ན་ཚེས་2ཉིན་ནི་དགའ་འོས་པའི་ཉིན་མོ་ཞིག་རེད། ཉིན་དེར་ཁོང་གིས་ཡངས་པ་ཅན་གྲོང་རྡལ་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་འབྲོག་པ་མང་ཚོགས་145འཁྲིད་ནས་ལྷ་ས་གྲོང་ཁྱེར་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་མི་སྣའི་ལས་བསྡུའི་འདུ་ཚོགས་ནང་ཞུགས་པ་དང་མི་གྲངས་120ཡིས་མི་སྤྱོད་ཚན་པ་དང་ལས་ཞུགས་ཀྱི་འདོད་མཐུན་གན་རྒྱ་བཞག་ཡོད།
         བདེ་དཔལ་གྱིས“འདི་ལོའི་ཟླ་10པར་རྒྱལ་ཁབ་ཀྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་རྣམ་གྲངས་ཀྱི་རོགས་སྐྱོར་འོག་མངའ་རིས་དང་། ནག་ཆུ། ཆབ་མདོ་བཅས་ནས་ཡོང་བའི་མང་ཚོགས་དབུལ་པོ་200ཡངས་པ་ཅན་གྲོང་རྡལ་གྱི་གྲོང་མིར་གྱུར་ཡོད་པ་རེད། ཇི་ལྟར་བྱས་ནས་ཁོ་ཚོ་གནས་སྤོས་ཟིན་རྗེས་ཡོང་འབབ་ཡག་པོ་ཡོང་བ་བྱ་རྒྱུ་དེ་ང་ཚོ་གཞི་རིམ་ལས་བྱེད་པའི་སེམས་གནད་ཅིག་རེད་འདུག ད་རེས་ཀྱི་ལས་བསྡུའི་ལས་ཀ་ཡག་པོ་བསྒྲུབ་ཆེད་འདམ་གཞུང་རྫོང་སྲིད་གཞུང་གིས་ཆེད་དོན་མ་དངུལ་བཏང་ནས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་མང་ཚོགས་ལ་བཟའ་སྡོད་སྐྱོད་གསུམ་ཚང་མ་རིན་མེད་ངང་མཁོ་འདོན་བྱས་པ་རེད”ཅེས་བཤད།
         བོད་ཀྱི“རྒྱལ་ཁབ་རིམ་པའི་ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་གྱི་2017ལོའི་དགུན་དུས་ཀྱི་སློབ་ཆེན་སློབ་མའི་ལས་ཞུགས་དང་གནད་སྨིན་དབུལ་སྒྲོལ་གྱི་ལས་བསྡུའི་འདུ་ཚོགས”ཚེས་2ཉིན་ལྷ་ས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དུ་འཚོགས་པ་རེད། ད་རེས་ཀྱི་ལས་བསྡུའི་འདུ་ཚོགས་ཀྱི་དམིགས་ཡུལ་ནི་བོད་ལྗོངས་ཀྱི་ལས་ཞུགས་ཐུབ་མེད་པའི་སློབ་ཆེན་དང་འབྲིང་རིམ་ཆེད་ལས་སློབ་གྲྭའི་སློབ་ཐོན་སློབ་མ་དང་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་མི་སྣའི་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་རེད།
         བྱེད་སྒོ་གཉེར་མཁན་ཕྱོགས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ད་རེས་ཀྱི་ལས་བསྡུའི་འདུ་ཚོགས་ནང་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་ཞིང་འབྲོག་མང་ཚོགས་800ལྷག་ཙམ་སླེབས་ཡོད་པའི་ཁྲོད་ཞིང་འབྲོག་མང་ཚོགས་90%དང་མི་སྤྱོད་ཚན་པའི་དབར་ལས་ཞུགས་ཀྱི་འདོད་མཐུན་གན་རྒྱ་རག་ཙམ་བཞག་ཐུབ་པ་བྱུང་ཡོད།
         འདམ་གཞུང་རྫོང་མི་སྤྱི་ཅུས་ཀྱི་ལས་དོན་མི་སྣ་ལྷ་མོས་གནད་སྨིན་དབུལ་སྐྱོར་བྱ་ཡུལ་གྱི་མང་ཚོགས་13འཁྲིད་ནས་ལས་ཀ་འཚོལ་བར་ཡོང་བ་རེད། ཁོང་གིས་ཕྱོགས་གཅིག་ནས་ལས་རིགས་མཛུབ་སྟོན་བྱས་པ་དང་ཕྱོགས་གཞན་ཞིག་ནས་སྐད་སྒྱུར་དང་སྣེ་ཤན་པ་བྱས་ཡོད། ཁོང་གིས“མང་ཚོགས་དབུལ་པོའི་ལས་ཞུགས་ལ་རོགས་རམ་བྱ་རྒྱུ་ནི་ང་ཚོ་གཞི་རིམ་ལས་བྱེད་པའི་འགན་འཁྲི་ཞིག་ཡིན་པས་སྲིད་གཞུང་གིས་ལས་བསྡུའི་བྱེད་སྒོ་འདི་འདྲ་མང་ཙམ་སྒྲིག་འཛུགས་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད།
         ད་རེས་ཀྱི་ལས་བསྡུའི་འདུ་ཚོགས་ནང་བོད་ལྗོངས་བདུད་རྩི་རྟགས་ཅན་གྱི་བོད་སྨན་མ་རྐང་ཚད་ཡོད་ཀུང་སི་སོགས་ཁེ་ལས་300ལྷག་ཙམ་ཞུགས་ཡོད་པ་དང་འབྲེལ་ཡོད་ལས་གནས་1000ལྷག་ཙམ་དང་། ཆེད་ལས་རིགས་50ལྷག་ཙམ་ཡོད་པ་དང་། ནོར་དོན་རིགས་དང་ཐོན་རྫས་ཞིབ་སྤེལ་སོགས་ཆེད་ལས་ལག་རྩལ་རང་བཞིན་གྱི་ལས་གནས་ཕུད་ད་དུང་གཙང་སྦྲ་བྱེད་མཁན་དང་། བདེ་སྲུང་པ་སོགས་རྨང་གཞིའི་རང་བཞིན་གྱི་ལས་གནས་ཀྱང་ཡོད་པ་རེད།
         གསར་འགོད་པས་བོད་རང་སྐྱོང་ལྗོངས་དབུལ་སྐྱོར་གཞུང་ལས་ཁང་ནས་ཤེས་རྟོགས་བྱས་པར། བོད་ལྗོངས་ཀྱིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་བརྒྱུད་རིམ་ནང་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་། སྣོད་བཅུད་གནས་སྤོས་ཡུལ་མི། ཞིང་ལས་མིན་པའི་ཐོན་ལས་འཕེལ་རྒྱས་བཅས་ཟུང་འབྲེལ་བྱ་རྒྱུར་མཐོང་ཆེན་བྱས་ནས་སླད་ཕྱིན་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་མི་སྣའི་ཆེད་དོན་ལས་བསྡུའི་བྱེད་སྒོ་དེ་བས་མང་བ་སྤེལ་ཏེ་དབུལ་སྐྱོར་བྱ་ཡུལ་རྣམས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ལས་ཞུགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ་བཅས་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།