འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཁོར་ཡུག་སྲུང་སྐྱོང་པུའི"རླུང་ཁམས་ཆེ་མོའི་བྱེད་ཐབས་བཅུར"ཕན་འབྲས་བཟང་པོ་ཐོན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་04ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་2ཉིན། འདི་ལོ་ནི“རླུང་ཁམས་ཆེ་མོའི་བྱེད་ཐབས་བཅུ”ལག་ལེན་བསྟར་ཚུན་གྱི་ལོ་ལྔ་པ་དེ་ཡིན་ལ། “རླུང་ཁམས་ཆེ་མོའི་བྱེད་ཐབས་བཅུའི”དུས་མཚམས་དང་པོའི་མཇུག་བསྡུའི་དཔྱད་ཞིབ་ལོ་ཞིག་ཀྱང་ཡིན། ཚེས་2ཉིན། ཁོར་ཡུག་སྲུང་སྐྱོང་པུའི་པུའུ་ཀྲང་ལི་ཀན་ཅེ་ཡིས་ལོ་ལྔའི་རིང“རླུང་ཁམས་ཆེ་མོའི་བྱེད་ཐབས་བཅུ”ལག་ལེན་བསྟར་བར་ཕན་འབྲས་བཟང་པོ་ཐོན་ནས་འདི་ལོའི་ལོ་མཇུག་ཏུ“མཇུག་བསྡུ་ལེགས་གྲུབ་ཡོང་རྒྱུའི”རེ་བ་ཡོད་ཅེས་བཤད་པ་རེད།
         2013ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་བྱ་སྤྱོད་ཀྱི་འཆར་གཞི་》ཁྱབ་བསྒྲགས་བྱས་ནས་བྱེད་ཐབས་བཅུ་བཏོན་རྗེས་ལོ་ལྔའི་འབད་འཐབ་བརྒྱུད་རྒྱལ་ཡོངས་ཀྱི་མཁའ་རླུང་གི་སྤུས་ཚད་སྤྱི་ཡོངས་ལེགས་སུ་དང་སྦགས་བཙོག་ཆེ་བའི་གནམ་གཤིས་བསྟན་ཚད་ཧ་ཅང་ཉུང་དུ་སོང་ཡོད། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་དང་། འབྲི་ཆུའི་ཟུར་གསུམ་གླིང་། ཀྲུའུ་ཅང་ཟུར་གསུམ་གླིང་སོགས་ས་ཁོངས་ཀྱི་མཁའ་རླུང་གི་སྤུས་ཚད་ཧ་ཅང་ལེགས་སུ་ཕྱིན་ཡོད།
         ལི་ཀན་ཅེས་ཀོང་ཏུང་དུ་སྤེལ་བའི་ཀྲུང་གོའི་སྣོད་བཅུད་ཤེས་དཔལ་གླེང་སྟེགས་ཀྱི་ཧུའེ་ཀྲོའུ་ལོ་ཚོགས་ཐོག་བཞེད་དོན་གཙོ་བོའི་གཏམ་བཤད་གནང་སྐབས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚུན་དུ་རང་རྒྱལ་གྱི་ཁོར་ཡུག་ལེགས་སུ་གཏོང་བའི་མྱུར་ཚད་སྔར་བྱུང་མྱོང་མེད་པ་ཞིག་བྱུང་ཡོད། རླུང་ཁམས་ཆེ་མོ་བཅོས་སྐྱོང་གི་ཁྱབ་ཁོངས་སུ་དེ་བས་མངོན་གསལ་དོད་པོ་ཡོད། “རླུང་ཁམས་ཆེ་མོའི་བྱེད་ཐབས་བཅུའི”དུས་མཚམས་དང་པོའི་མཇུག་བསྡུའི་དཔྱད་ཞིབ་བྱེད་པར་ཟླ་གཅིག་ལས་བསྡད་མེད་ཀྱང་མིག་སྔའི་གནས་ཚུལ་ནས་བལྟས་ན། “རླུང་ཁམས་ཆེ་མོའི་བྱེད་ཐབས་བཅུའི”དཔྱད་ཞིབ་དམིགས་ཚད་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཡོང་རེ་ཡོད་པ་རེད། གལ་འགངས་ཆེ་བ་ཞིག་ནི་སྦགས་བཙོག་བཅོས་སྐྱོང་བྱེད་རིང་ཁོར་ཡུག་གི་ཕན་འབྲས་བཟང་པོ་ཐོན་པ་མ་ཟད། ད་དུང་དཔལ་འབྱོར་གྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་ཀྱང་བཟང་པོ་ཐོན་པས་ཡིན་ཞེས་བཤད་པ་རེད།
         ལི་ཀན་ཅེས་འདི་ལོའི་ཟླ་དང་པོ་ནས་བཅུ་གཅིག་བར་རྒྱལ་ཡོངས་ཀྱི་ས་ཁུལ་རིམ་པ་ཡན་གྱི་གྲོང་ཁྱེར་338ཀྱི་PM10ཡི་གར་ཚད་2013ལོའི་དུས་མཚུངས་ལས་20.4%ཆག་པ་དང་། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་དང་། འབྲི་ཆུའི་ཟུར་གསུམ་གླིང་། ཀྲུའུ་ཅང་ཟུར་གསུམ་གླིང་བཅས་ཀྱི་PM2.5ཡི་གར་ཚད་2013ལོའི་དུས་མཚུངས་ལས་38.2%དང་། 31.7% 25.6%བཅས་སོ་སོར་ཆག་ཡོད། ཆག་ཚད་ཚང་མ་དཔྱད་ཞིབ་ཀྱི་ཚད་གཞི་ལས་མཐོ་བ་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།