འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་ནས་ཐོན་སྐྱེད་བྱས་པའི་ཆན་ཝ་ཁྲི་100ཟིན་པའི་འཕྲུལ་ཚན་འཛམ་གླིང་གི་ཆུ་
    གློག་ལས་རིགས་ཀྱི་སྣེ་ཁྲིད་པར་གྱུར་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་04ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། སྔོན་དཔག་བྱས་ན་2022ལོའི་ལོ་མཇུག་ཏུ་བེད་སྤྱོད་བྱ་རྒྱུའི་ད་ལྟ་སྐྲུན་བཞིན་པའི་འཛམ་གླིང་ཐོག་གི་ཆུ་གློག་ལས་གྲྭ་ཆེ་ཤོས་པེ་ཧེ་ཐན་ཆུ་གློག་ས་ཚིགས་སུ་ཆན་ཝ་ཁྲི་100ཟིན་པའི་ཆུ་ཤུགས་གློག་འདོན་འཕྲུལ་ཚན་ཐེངས་དང་པོ་སྤྱོད་རྒྱུ་མ་ཟད། ཚང་མ་རང་རྒྱལ་གྱི་ཐོན་སྐྱེད་ཅན་དུ་ཐེངས་དང་པོ་མངོན་འགྱུར་ཐུབ་རྒྱུ་རེད། “ཐེངས་དང་པོ་གཉིས”ལས་རང་རྒྱལ་གྱི་ཆུ་གློག་སྒྲིག་ཆས་བཟོ་སྐྲུན་གལ་ཆེན་གྱིས་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བསུ་རྒྱུ་དང“ཀྲུང་གོའི་ཆུ་གློག”གིས་འཛམ་གླིང་ཆུ་གློག་འཕེལ་རྒྱས་ཀྱི་སྣེ་ཁྲིད་བྱས་པ་མཚོན་ཡོད།
         དཔྱད་གཞི་ལས་མངོན་པར། འགག་གསུམ་ལས་གྲྭའི་གོང་དུ་རང་རྒྱལ་ལ་ཆན་ཝ་ཁྲི་35ཡན་གྱི་ཆུ་གློག་འཕྲུལ་ཚན་སྐྲུན་ནུས་མེད་མོད། འོན་ཀྱང་ལོ་20ལྷག་ཙམ་རིང་། འགག་གསུམ་ལས་གྲྭའི་འཕྲུལ་ཚན་རྐྱང་པའི་ཆན་ཝ་ཁྲི་70ཟིན་པ་ནས་ཤང་ཅ་པ་གློག་ཁང་གི་ཆན་ཝ་ཁྲི་80ཟིན་པའི་བར་དང་ཡང་ད་ཆའི་པེ་ཧེ་ཐན་གློག་ཁང་གིས་ཆན་ཝ་ཁྲི་100ཟིན་པར་མཆོང་སྐྱོད་བྱེད་པའི་བར་ཀྲུང་གོའི་ཆུ་གློག་སྒྲིག་ཆས་འདི་ཉིད་རྗེས་སུ་འབྲངས་པ་ནས་ཚད་བརྒལ་བྱེད་པ་དང་ད་ཆའི་ཕྱོགས་ཡོངས་ནས་སྣེ་ཁྲིད་པའི་བར་འགྱུར་ལྡོག་བྱུང་ཡོད།
         ལོ་20ལྷག་ཙམ་རིང་། འགག་གསུམ་ཚོགས་པ་དང་། ཧའར་པིན་གློག་ཤུགས་ཚོགས་པ། ཤར་ཕྱོགས་གློག་ཤུགས་ཚོགས་པ་བཅས་ལག་གདང་སྦྲེལ་ནས་འགག་གསུམ་ལས་གྲྭ་དང་། འབྲི་ཆུའི་ཤིས་ལུའོ་ཏུའུ། ཤང་ཅ་པ་གློག་ཁང་སོགས་རྣམ་གྲངས་གལ་ཆེན་ལ་བརྟེན་ནས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི“ནང་འདྲེན་དང་། འཛད་སྤྱོད། བསྡུ་ལེན། སླར་ཡང་གསར་གཏོད”བཅས་ཀྱི་གྲུབ་འབྲས་ཐོབ་པའི་ལམ་བུ་ཞིག་གསར་གཏོད་བྱས་པར་རང་རྒྱལ་གྱི་ཆན་ཝ་ཁྲི་70ཟིན་པའི་འཕྲུལ་ཚན་མེད་པ་ནས་ཡོད་པའི་བར་གྱི་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་བ་དང་། རང་རྒྱལ་གྱི་ཆུ་གློག་སྒྲིག་ཆས་གལ་ཆེན་དེ“ཀྲུང་གོས་བཟོས་པ”ནས“ཀྲུང་གོས་གསར་སྐྲུན”བྱེད་པའི་བར་ཕྱོགས་སྒྱུར་རིམ་སྤོར་བྱ་རྒྱུར་སྐུལ་འདེད་བཏང་བ་རེད།
        སི་ཁྲོན་དང་ཡུན་ནན་འབྲེལ་མཚམས་ཀྱི་འབྲི་ཆུའི་སྨད་རྒྱུད་དུ་གནས་པའི་ཤང་ཅ་པ་གློག་ཁང་ནི་མིག་སྔའི་འཛམ་གླིང་ཐོག་གི་འཕྲུལ་ཚན་རྐྱང་པའི་ཤོང་ཚད་ཆེ་ཤོས་ཀྱི་ཆུ་ཤུགས་གློག་ཁང་ཞིག་ཡིན། གསར་འགོད་པར་ཤང་ཅ་པ་གློག་ཁང་ནས་ཤེས་རྟོགས་བྱུང་བར། ཆན་ཝ་ཁྲི་80ཟིན་པའི་འཕྲུལ་ཚན་བརྒྱད་ཀྱི་ནང་ནས་བཞི་ནི་ཧའར་པིན་གློག་ཤུགས་ཚོགས་པས་ཇུས་འགོད་བྱས་ཏེ་བཟོས་པ་ཞིག་ཡིན། འཕྲུལ་ཚན་ཚང་མ་ཉིན་བརྒྱའི་བདེ་འཇགས་འཁོར་རྒྱུག་བརྟན་པོ་ཐུབ་པ་དེ་ཐོག་ནས་ཁྱབ་ཁོངས་དེའི་ཁྲོད་ཀྱི་རྒྱལ་ནང་བཟོ་གྲྭའི་ཞིབ་འཇུག་གསར་སྤེལ་དང་བཟོ་སྐྲུན་ནུས་པ་རྒྱལ་སྤྱིའི་མིང་གྲལ་ཨང་དང་པོར་སླེབས་པ་གསལ་བཤད་ཐུབ་པ་མ་ཟད། རང་རྒྱལ་གྱིས་ཤོང་ཚད་དེ་བས་ཆེ་བའི་འཕྲུལ་ཚན་རང་བརྟེན་ཐོན་སྐྱེད་བྱེད་པར་རྨང་གཞི་བརྟན་པོ་བཏིང་བ་རེད།
         ཆན་ཝ་ཁྲི་80ནས་ཆན་ཝ་ཁྲི་100བར་མཆོང་སྐྱོད་བྱས་པ་དེ་ལས་སླ་པོ་ཞིག་མིན་ཞིང་། ཆན་ཝ་ཁྲི་80ཟིན་པའི་ཆུ་ཤུགས་གློག་འདོན་འཕྲུལ་ཆས་ཀྱི་མཐོ་ཚད་ལ་ཐོག་སོ་ལྔ་ཙམ་ཡོད་པ་དང་སྐོར་བ་རྒྱག་ཆས་ཀྱི་ལྗིད་ཚད་ལ་ཏུན་3000ལྷག་ཙམ་ཟིན་མོད། འོན་ཀྱང་དེར་ལྷུ་ལག་ཁྲི་ཁ་ཤས་ཡོད་སྟབས་སྟོན་རྟགས་ཁག་གཅིག་ལ་ཧའོ་སྨི་0.01གི་ཚད་གཞིའི་ཐོག་ནས་ཚད་ལེན་བྱེད་དགོས་སྟབས་དེ་ནི་སྐྲ་རྐང་གཅིག་གི་ཚངས་ཐིག་གི་དྲུག་ཆ་གཅིག་ཙམ་ལྟ་བུ་ཡིན། “དེ་དང་བསྡུར་ན་ཆན་ཝ་ཁྲི་100ཟིན་པའི་འཕྲུལ་ཚན་གྱི་ལག་རྩལ་གྱི་དཀའ་གནད་དང་རྙོག་འཛིང་ཆེ་བའི་རང་བཞིན་ནི་ལོ་རྒྱུས་ཐོག་ཐོན་མྱོང་མེད་པ་ཞིག་རེད”ཅེས་ཆན་ཝ་ཁྲི་100ཟིན་པའི་འཕྲུལ་ཚན་ཞིབ་འཇུག་གསར་སྤེལ་ནང་ཞུགས་མཁན་ཤར་ཕྱོགས་གློག་འཕྲུལ་གྱི་འབྲེལ་ཡོད་འགན་ཁུར་བས་ངོ་སྤྲོད་བྱས་པ་དང་ཁོང་གིས་ཆན་ཝ་ཁྲི་100ཟིན་པའི་འཕྲུལ་ཚན་ཇུས་འགོད་དང་བཟོ་སྐྲུན་ལ་ད་ཡོད་ཀྱི་ལག་རྩལ་ཆུ་ཚད་དང་ཚད་གཞི་ལས་བརྒལ་ནས་དེ་ནི་ཀྲུང་གོའི་ཆུ་གློག་གིས་འཛམ་གླིང་ཆུ་གློག་གི“མི་མེད་ཁུལ”དུ་འཚོལ་ཞིབ་བྱེད་ཐེངས་ཤིག་རེད་ཅེས་བཤད།
         དེར་བརྟེན་པེ་ཧེ་ཐན་ཆུ་ཤུགས་གློག་ཁང་གི་སྦྱིན་བདག་ཡིན་པའི་ཀྲུང་གོའི་འགག་གསུམ་ཚོགས་པས་རྒྱལ་ནང་གི་ཇུས་འགོད་ཁང་དང་འཕྲུལ་ཚན་བཟོ་གྲྭ་སྒྲིག་འཛུགས་བྱས་ཏེ་ཆན་ཝ་ཁྲི་100ཟིན་པའི་འཕྲུལ་ཚན་ཕྱོགས་ཡོངས་ནས་ཞིབ་འཇུག་གི་ལས་དོན་སྤེལ་བ་དང་འགག་རྩའི་ལག་རྩལ་ཐད་གཙོ་གནད་འགག་སྒྲོལ་བྱས་པ་རེད། ལོ་8ཙམ་འབད་བརྩོན་བྱས་པ་བརྒྱུད། རྒྱལ་ནང་གི་འབྲེལ་ཡོད་ཁེ་ལས་ཀྱིས་ཆན་ཝ་ཁྲི་100རིམ་པའི་ཆུ་ཤུགས་གློག་འདོན་འཕྲུལ་ཚན་གྱི་གྲུབ་ཆ་དང་། ཆུ་ཤུགས་གསར་སྤེལ། གློག་འདོན་འཕྲུལ་ཆས་ཀྱི་རླུང་འགྲོའི་ལད་མོའི་ཚོད་ལྟ་དང་དེ་བཞིན་འཕྲུལ་ཚན་གྱི་སྤྱི་ཡོངས་ཇུས་འགོད་སོགས་ཚན་རིག་ཞིབ་འཇུག་གི་འགག་སྒྲོལ་གཅིག་རྗེས་གཉིས་མཐུད་ངང་ལེགས་གྲུབ་ཟིན་པ་རེད།
         ཀྲུང་གོའི་འགག་གསུམ་ཚོགས་པའི་ཏུང་ཧྲི་ཀྲང་ལུའུ་ཁྲུན་གྱིས་གོ་ལ་ཧྲིལ་པོའི་ཆུ་གློག་འཕེལ་རྒྱས་དུས་མཚམས་གསར་པར་སླེབས་པའི་རྒྱབ་ལྗོངས་འོག འགག་གསུམ་ཚོགས་པས་ཤར་ཕྱོགས་གློག་ཤུགས་ཚོགས་པ་དང་ཧའར་པིན་གློག་ཤུགས་ཚོགས་པ་སོགས་རྒྱལ་ཁབ་ཕྱི་ནང་གི་སྒྲིག་ཆས་བཟོ་སྐྲུན་ཁེ་ལས་དང་མཉམ་འབྲེལ་བྱས་ཏེ་འདྲ་མཉམ་མཉམ་ལས་དང་གཉིས་ཁེ་གཉིས་ཕན་གྱི་བྱེད་ཐབས་གཏོད་ནས་ཀྲུང་གོའི་ཆུ་གློག་སྒྲིག་ཆས་བཟོ་སྐྲུན“ཕྱིར་བསྐྱོད་པར”ཆ་རྐྱེན་བཟང་པོ་བསྐྲུན་པ་དང་ལག་རྩལ་ཡར་ཐོན་ལ་མཉམ་དུ་སྐུལ་འདེད་བཏང་ནས་འཛམ་གླིང་གི་སྤུས་རྟགས་བཏོད་ཐོག་ཕྱི་རྒྱལ་གྱི་ལས་སྟེགས་ཁྲོད་ཀྲུང་གོའི་ཆུ་གློག་དང་ཀྲུང་གོའི་སྒྲིག་ཆས་བཟོ་སྐྲུན་བྱེད་པར་འཕུར་མཆོང་ཐེངས་གཉིས་པ་མངོན་འགྱུར་ཐུབ་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།