འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།བུ་བཅོལ་ཁང་གི་དགེ་རྒན་གྱི"དགེ་རྒན་གྱི་ཀུན་སྤྱོད"ཚད་གཞི་མཐོ་རུ་གཏོང་དགོས་
    ཞེས་བསྟན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་04ཉིན། 10:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་2ཉིན། “རྒྱལ་ཡོངས་མཐོ་སློབ་ཀྱི་2018ལོའི་སློབ་ཐོན་སློབ་མའི་སློབ་གསོའི་ཤེས་ལྡན་མི་སྣའི་གདན་ཞུའི་ཚོགས་འདུ”ཅི་ལིན་ཞིང་ཆེན་ཁྲང་ཁྲུན་རྒྱལ་སྤྱིའི་ཚོགས་འགྲེམས་ལྟེ་གནས་སུ་འཚོགས་པ་རེད། ཚོགས་འདུའི་ཐོག་བུ་བཅོལ་ཁང་དང་བྱིས་པའི་སློབ་གསོའི་སྒྲིག་གཞི་མང་པོའི་གདན་ཞུའི་ལྷུ་ཚིགས་ནང་དགེ་རྒན་གྱི་ཀུན་སྤྱོད་ཀྱི་ཚད་གཞི་དང་རྟོག་ཞིབ་ལ་ཤུགས་སྣོན་བརྒྱབ་ཡོད་པ་རེད། བྱིས་པའི་སློབ་གསོའི་སྒྲིག་གཞི་ཁ་ཤས་ཀྱིས་བུ་བཅོལ་ཁང་གི་དགེ་རྒན་གདན་ཞུའི་ལྷུ་ཚིགས་ནང་དགེ་རྒན་གྱི་ཀུན་སྤྱོད་རྣམ་གྲངས་ལ་དམིགས་ནས་སྲིད་གཞུང་གིས་རྟོག་ཞིབ་ཚད་འཇལ་གྱི་ཚད་གཞི་བཟོ་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད།
         རྒྱལ་ཡོངས་མཐོ་སློབ་ཀྱི་2018ལོའི་སློབ་ཐོན་སློབ་མའི་སློབ་གསོའི་ཤེས་ལྡན་མི་སྣའི་གདན་ཞུའི་ཚོགས་འདུའི་ཐོག་རྒྱལ་ཡོངས་ཀྱི་གྲོང་ཁྱེར་168ཀྱི་མི་སྤྱོད་ཚན་པ་995ངོ་འཕྲད་གྲོས་མོལ་ལ་ཡོང་ནས་དགོས་མཁོའི་ཆ་འཕྲིན་ཁྲི་4.6ལྷག་ཙམ་བཏོན་ཡོད་པ་རེད། དེའི་ནང་སློབ་གསོའི་ལས་རིགས་ཀྱི་ཚན་པ་678ཡོད་པ་དེས་ཚན་པའི་བསྡོམས་འབོར་གྱི་68.14%བཟུང་ཡོད་པ་རེད།
         གསར་འགོད་པས་ས་གནས་ས་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། བུ་བཅོལ་ཁང་མང་པོ་ཞིག་གིས་གདན་ཞུའི་ཆ་རྐྱེན་ནང་དགེ་རྒན་གྱི་ཐོབ་ཐང་ལག་ཁྱེར་དང་སློབ་ཞུགས་གོང་གི་སློབ་གསོའི་ཆེད་ལས་ལྡན་དགོས་པའི་རེ་བ་བཏོན་པ་ཕུད། ད་དུང་དགེ་རྒན་གྱི་ཀུན་སྤྱོད་རྟོག་ཞིབ་ལྷུ་ཚིགས་ཁ་སྣོན་བརྒྱབ་ཡོད་པ་རེད། ཀྲུང་གོ་ཚན་རིག་ཁང་བུ་བཅོལ་ཁང་གི་གདན་ཞུའི་འགན་ཁུར་བས་གདན་ཞུའི་བརྒྱུད་རིམ་ནང་སེམས་ཁམས་ཚོད་ལྟའི་ལྷུ་ཚིགས་ཁ་སྣོན་རྒྱག་པ་དང་། དགེ་རྒན་ལ་རྩུབ་སྤྱོད་ཡོད་མིན་ལ་རྟོག་ཞིབ་བྱེད་པ་དང་འབྲེལ། གདན་ཞུ་དང་ལེན་མཁན་གྱིས་ཉེས་པ་གསོག་མྱོང་མེད་པའི་ངོ་སྤྲོད་སོགས་མཁོ་འདོན་བྱེད་དགོས་པའི་རེ་བ་འདོན་དགོས་ཞེས་བརྗོད་པ་རེད།
         ཧང་ཀྲོའུ་གྲོང་ཁྱེར་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་གདན་ཞུ་བྱ་ཡུལ་དུ་སློབ་ཞུགས་གོང་གི་སློབ་གསོའི་ཆེད་ལས་སློབ་ཐོན་སློབ་མ་ཁྱོན་18གདན་ཞུ་བྱེད་མཁན་ཡིན་པ་གསར་འགོད་པས་མཐོང་བ་དང་། དེ་གའི་གདན་ཞུའི་ཚད་གཞི་དེ་བས་མཐོ་བ་སྟེ། གདན་ཞུ་དང་ལེན་བྱེད་མཁན་གྱིས་སློབ་མའི་ལས་བྱེད་པ་བྱེད་མྱོང་བའི་རེ་བ་བཏོན་ཡོད། གདན་ཞུའི་འགན་ཁུར་བ་སློབ་སྤྱི་ཧྲའོ་ལགས་ཀྱིས་གདན་ཞུ་དང་ལེན་བྱེད་མཁན་ལ་སློབ་གྲྭས་བྲིས་པའི་བསམ་བློ་ཆབ་སྲིད་མཚོན་ཚུལ་གྱི་དཔྱད་གཞིའི་ཡིག་རིགས་དང་། དགེ་རྒན་ཀུན་སྤྱོད་ཀྱི་མཚོན་ཚུལ་ངོ་སྤྲོད། སྤྱི་བདེ་སྡེ་ཚན་གྱིས་མཁོ་འདོན་བྱས་པའི་ཉེས་པ་གསོག་མྱོང་མེད་པའི་ངོ་སྤྲོད་སོགས་དགོས་པ་དང་། ཞིབ་བཤེར་དེ་དག་ལ་གྲོས་འཆམ་བྱུང་རྗེས་གཞི་ནས་ལས་ཀར་ཞུགས་ཆོག་གི་ཡོད། ལས་གནས་སུ་མ་བསྐྱོད་གོང་ད་དུང་གསོ་སྦྱོང་རབ་དང་རིམ་པ་དང་ལེན་བྱེད་དགོས་པ་དང་། དེའི་ནང་དགེ་རྒན་ཀུན་སྤྱོད་ཐད་ཀྱི་སློབ་ཚན་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།
         དབྱིང་ཁའུ་གྲོང་ཁྱེར་གྱི་བྱིས་པའི་སློབ་གསོའི་ཚོགས་པ་ཞིག་གི་གཤམ་འོག་ཏུ་བུ་བཅོལ་ཁང་གཉིས་ཡོད་པ་དང་། གདན་ཞུ་པ་ཀྲང་ཧུང་གིས་གདན་ཞུའི་ཚོགས་འདུའི་ཐོག་ངོ་རྒྱུགས་མཁན་གྱི་ཁྱིམ་ཚང་གི་སློབ་གསོའི་གནས་ཚུལ་ལ་བསམ་གཞིག་བྱས་ནས་ཕ་མར་བསྙེན་བཀུར་ཡོད་མེད་དང་། ཁྱིམ་ཚང་འཆམ་མཐུན་ཡོད་མེད་སོགས་ལ་བལྟ་རྒྱུ་ཡིན། ཡིན་ནའང་དེ་དག་གིས་དགེ་རྒན་གྱི་ཀུན་སྤྱོད་གནས་ཚུལ་ངོ་མ་ཡིན་མིན་རྦད་དེ་ར་སྤྲོད་བྱེད་ཐུབ་ཀྱི་མེད་ཅེས་བརྗོད།
         ཀྲང་ཧུང་གིས“སྲིད་གཞུང་གིས་ང་ཚོར་དགེ་རྒན་གྱི་ཀུན་སྤྱོད་ལ་ཚད་འཇལ་བྱེད་པའི་རྟོག་ཞིབ་ཚད་གཞི་དེ་བས་ལེགས་པ་བཟོས་ནས་མི་འདེམས་མི་སྤྱོད་ཀྱི་འགག་སྒོ་ཡག་པོ་བསྲུང་རྒྱུའི་རེ་བ་ཡོད”ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།