འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་འཐུས་མི་འཛམ་གླིང་བཟོ་སྐྲུན་རྩ་འཛུགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞིར་
    ཐོག་མར་བདམས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་04ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་2ཉིན། གསར་འགོད་པར་ཀྲུང་གོ་ཚན་རིག་མཐུན་ཚོགས་ནས་ཤེས་རྟོགས་བྱུང་གསལ། ཀྲུང་གོ་ཚན་རིག་མཐུན་ཚོགས་ཀྱི་མཚན་འཛིན་ཨུ་ཡོན་ནན་ཁའེ་སློབ་ཆེན་གྱི་སློབ་སྤྱི་ཀུང་ཁེ་འཛམ་གླིང་བཟོ་སྐྲུན་རྩ་འཛུགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞིར་བདམས་པ་རེད། དེ་ནི་རྩ་འཛུགས་དེ་བཙུགས་ནས་ལོ་50སོང་རིང་ཀྲུང་གོའི་འཐུས་མི་ཀྲུའུ་ཞིར་བདམས་ཐེངས་དང་པོ་ཡིན་པ་དང་། དེ་ལས་རང་རྒྱལ་བཟོ་སྐྲུན་ཚན་རྩལ་ལས་དོན་པའི་གཟུགས་བརྙན་བཟང་པོ་མངོན་པ་དང་། རང་རྒྱལ་གྱིས་བཟོ་སྐྲུན་ཚན་རྩལ་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་སྔར་བས་བྱེད་ཟབ་ཏུ་གཏོང་རྒྱུར་ཕན་པ་ཡོད་པ་རེད།
         ཀུང་ཁེ་ནི་འོས་མིའི་ཀྲུའུ་ཞིའི་ཐོབ་ཐང་ཐོག་ནས་ལག་བསྟར་ལས་འཛིན་ལྷན་ཚོགས་ཀྱི་ལྟེ་བའི་ཁོངས་མིའི་གྲས་ཤིག་ཏུ་གྱུར་པ་མ་ཟད། 2019ལོར་འཛམ་གླིང་བཟོ་སྐྲུན་རྩ་འཛུགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞིའི་འགན་དངོས་སུ་འཁུར་རྒྱུ་རེད། ཁོང་གིས་སྐབས་རིམ་བྱུང་གི་ཀྲུའུ་ཞིའི་ལས་ཀའི་དམིགས་ཚད་ལག་ལེན་བསྟར་ཏེ་འཛམ་གླིང་གི་བཟོ་སྐྲུན་ཆེ་མོ་བ་དང་མཉམ་འབྲེལ་བྱས་ནས་ལག་རྩལ་དང་བཟོ་ལས་གསར་བརྗེའི་གཙོ་རྐང་སྟོབས་ཤུགས་ལ་འགྱུར་བ་བྱས་ཏེ་མིའི་རིགས་ལ་རྒྱུན་མཐུད་འཕེལ་རྒྱས་ཀྱི་འབྱུང་འགྱུར་ཞིག་གཏོད་རྒྱུ་ཡིན་ཞེས་གསུངས་པ་རེད།
         འཛམ་གླིང་བཟོ་སྐྲུན་རྩ་འཛུགས་མཉམ་འབྲེལ་ལྷན་ཚོགས་ནི་མིག་སྔར་འཛམ་གླིང་ཐོག་གི་བཟོ་སྐྲུན་རིགས་ཀྱི་རྒྱལ་སྤྱིའི་རྩ་འཛུགས་ཆེ་ཤོས་ཤིག་ཡིན་པ་དང་རྒྱལ་སྤྱིའི་བཟོ་སྐྲུན་ཁྱབ་ཁོངས་ནང་ཤུགས་རྐྱེན་ཆེན་པོ་ལྡན་ཞིང་། སྤྱི་ཁྱབ་པུའུ་ཕ་རི་སིར་གནས་ཡོད། ཀྲུང་གོ་ཚན་རིག་མཐུན་ཚོགས་ཀྱིས་1981ལོར་རང་རྒྱལ་གྱི་ཚབ་བྱས་ཏེ་རྩ་འཛུགས་དེར་དངོས་སུ་ཞུགས་པ་རེད།
        སྒྲིག་ཡིག་ལྟར་ན། འདི་ལོ་འཛམ་གླིང་བཟོ་སྐྲུན་རྩ་འཛུགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚང་འཛོམས་ཚོགས་ཆེན་ཐོག་ཀྲུའུ་ཞི་དང་། ལས་འཛིན་ཀྲུའུ་ཞི་གཞོན་པ། ལས་འཛིན་ཨུ་ཡོན། མཛོད་གཉེར་སོགས་ལས་གནས་བསྐྱར་འདེམས་བྱས་ཡོད། རེས་འཁོར་གཉིས་ཀྱི་འགྲན་རྩོད་དྲག་པོ་བྱས་པ་བརྒྱུད། ཀུང་ཁེས་ཕུལ་བྱུང་གི་འགྲན་རྩོད་པ་གཞན་དག་མང་པོ་ལས་རྣམ་པར་རྒྱལ་ཏེ་འདེམས་ཤོག་མང་པོ་ཐོབ་ནས་འཛམ་གླིང་བཟོ་སྐྲུན་རྩ་འཛུགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།